༄༅། །སྤྱང་གྲུང་ལྡན་པའི་སྨན་པ།

ཏིང་བཀྲས་བསྒྲིགས། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 05-20


          སྔར་ཡུལ་ཞིག་ལ་རྒྱལ་པོ་ཤ་རྒྱགས་པ་ཞིག་ཡོད།  རྒྱུན་དུ་མི་རྣམས་ཀྱི་ཁ་རྒྱུན་དུ་ཤ་རྒྱགས་པ་ཚོའི་ཨ་མའི་གཟུགས་གཞིར་སྐྱོན་ཡོད་ལུགས་ཤོད་ཀྱི་ཡོད་པ་དེ་གོ་ཐོས་བྱུང་བས། རྒྱལ་པོ་དངངས་འཚབ་སྐྱེས་ཤིང་མངའ་འོག་སྨན་པ་མང་པོ་བསྡུས་ནས་ཤ་སྐམ་དུ་གཏང་དགོས་པའི་བཀའ་བཏང་རུང་། བཅོས་ཐུབ་མཁན་གྱི་སྨན་པ་གཅིག་ཀྱང་མ་བྱུང་། ཉིན་ཞིག་བློ་རིག་གསལ་བའི་སྨན་པ་ཞིག་རྒྱལ་པོའི་དྲུང་དུ་འོང་ནས།   ངས་རྩིས་བྱས་དུས་རྩིས་འབྲས་ལེགས་པོ་མི་འདུག་ཟེར་མགོ་བོ་སྒུར་སྒུར་བྱས་ནས་བསྡད།    རྒྱལ་པོས་རྩིས་འབྲས་གང་འདྲ་འདུག་ཤོད་དང་ཟེར་བས།  ངས་བཤད་ཕོད་པ་མི་འདུག་ཟེར་ནས་སྔར་བཞིན་བློ་ཧ་ཅང་མི་བདེ་བའི་ཚུལ་བྱས།  རྒྱལ་པོས་མུ་མཐུད་རྩིས་འབྲས་གང་ཡོད་སྦས་གསང་མེད་པར་ཤོད་དགོས་གསུངས་པས།  ཁོང་གིས་རྒྱལ་པོའི་སྐུ་ཚེ་ཉིན་བཅུ་ཙམ་ལས་བསྡོད་ཐུབ་པ་མི་འདུག་པས་སྐུ་ཤ་སྐམ་དུ་བཏང་རུང་དགོས་མེད་རེད།  ཐུགས་ཡིད་མ་ཆེས་ན་ང་བཙོན་དུ་བཅུག་ཀྱང་ཆོག་ཟེར་བས།  རྒྱལ་པོས་དེ་ལྟར་ཁོང་བཙོན་དུ་བཅུག   རྒྱལ་པོ་ནི་ཚེ་ཉིན་བཅུ་ཙམ་ལས་མི་འདུག་ཟེར་བ་ཐོས་པ་ནས་བཟུང་།   ཉིན་མོར་ཞལ་ལག་མི་གསོལ་ཞིང་མཚན་མོར་གཉིད་ཀྱང་མི་ཁུག་པས།  ཤ་ཉིན་རེ་ལས་ཉིན་རེ་བཞིན་ཇེ་སྐམ་ནས་ཇེ་སྐམ་དུ་སོང་།   འོན་ཀྱང་ཡང་ཉིན་བཅུ་སོང་རུང་རྒྱལ་པོ་མ་གྲོངས་པས་སྨན་པ་དེར་སྐད་བཏང་ནས་དོན་རྣམས་དྲིས་པར་སྨན་པ་དེས།   རྒྱལ་པོའི་སྐུ་ཤ་སྐམ་དུ་གཏོང་ཐབས་དེ་རང་ལས་དེ་མིན་ཐབས་གཞན་གཏན་ནས་མི་འདུག་པས།   དེ་ལྟར་མ་བྱས་ཀ་མེད་བྱུང་ཞེས་ཞུས་པས།  རྒྱལ་པོ་ཧ་ཅང་མཉེས་ཏེ་ཁོང་ལ་གསོལ་རས་གྱ་ནོམ་པ་ཞིག་གནང་ངོ་། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1