2023ལོའི་མཐོ་རྒྱུགས་ཁྲོད་མཛོད་དགེ་རྫོང་གི་སློབ་མས་སླར་ཡང་རྒྱུགས་འབྲས་ཕུལ་དུ་བྱུང་བ་ལོན།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-27



        ཟླ6པའི་ཚེས23ཉིན་གྱི་དགོང་མོའི་དུས་ཚོད10ཐོག །རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་གཅིག་རྗེས་གཉིས་མཐུད་དུ་བསྒྲགས།  མཛོད་དགེ་རྫོང་སློབ་འབྲིང་དང་མཛོད་དགེ་བོད་ཡིག་སློབ་འབྲིང་གི་མཐོ་རྒྱུགས་སློབ་མས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཏེ།  ཐེངས་འདིའི་མཐོ་རྒྱུགས་ཁྲོད་སླར་ཡང་རྒྱུགས་འབྲས་ཕུལ་དུ་བྱུང་བ་ལོན།

        གསར་འགོད་པས་རྫོང་སློབ་གསོ་ཅུས་སུ་རྒྱུས་ལོན་པ་ལྟར་ན།  ད་ལོར་རང་རེའི་རྫོང་གི་བོད་ཡིག་གཙོ་སྦྱོང་སྟེ་ཐབས་ལམ་དང་པོའི་རིགས་ཀྱི་རྒྱུགས་ཞུགས་སློབ་མའི་ཁྲོད།  སློབ་ཆེན་དཀྱུས་མའི་སློབ་སྡུད་ཁག་གཉིས་པའི་སྐར་ཚད་ལོངས་པའི་སློབ་མ46ཟིན་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་ཞིང་།  དངོས་གཞིའི་སྐར་ཚད་ལོངས་པའི་སློབ་མ་བསྡོམས་པའི་མི127ཡོད།  དེ་དང་མཉམ་དུ་མཛོད་དགེ་རྫོང་སློབ་འབྲིང་གིས་འཕྲིན་བཟང་བསྒྲགས་པ་ལྟར་ན།  ད་ལོའི་མཐོ་རྒྱུགས་ཀྱི་སྐར་གྲངས་མཐོ་ཤོས་སྐར་མ543ཡིན་ལ།  སློབ་ཆེན་དཀྱུས་མའི་སློབ་སྡུད་ཁག་དང་པོའི་སྐར་ཚད་ལས་བརྒལ་བའི་སློབ་མ16ཡོད་ཅིང་།  དངོས་གཞིའི་སྐར་ཚད་ལོངས་པའི་མི་གྲངས་རིམ་བསགས་ཀྱིས་སློབ་མ23ཡོད་ལ།  དངོས་གཞིའི་སྐར་ཚད་ལོང་ཚད་ན་ནིང་ལས་བརྒྱ་ཆའི་གྲངས13འཕར་བས། འདས་སོང་གི་ལོ་རྒྱུས་ལས་ཡོངས་སུ་བརྒལ་ཏེ།  དངོས་གཞི་དང་ཆེད་སྦྱོང་སློབ་ཆེན་གྱི་སྐར་གྲངས་ལོང་ཚད་བརྒྱ་ཆ100ཟིན།

      མཛོད་དགེ་རྫོང་གི2023ལོའི་མཐོ་རྒྱུགས་ལས་རིག་ཚན་གྱི་རྒྱུགས་འབྲས་ཨང་དང་པོ་སྟེ་རྫོང་སློབ་འབྲིང་གི་མཐོ་གསུམ་འཛིན་གྲྭ་གསུམ་པའི་སློབ་མ་པད་བསོད་སྒྲོལ་མས་བཤད་རྒྱུར། རྒྱུགས་འབྲས་འདི་ཕྲན་ལ་མཚོན་ན་བསམ་ཡུལ་འདས་པ་ཞིག་ཡིན་ལ་བསམ་ཡུལ་ལས་མ་འདས་པ་ཞིག་ཀྱང་རེད།  བསམ་ཡུལ་ལས་མ་འདས་པ་ནི་ཕྲན་གྱིས་ལོ་གསུམ་ལ་སྦྱངས་བརྩོན་ཆེན་པོ་བྱས་པ་ཡིན།  བསམ་ཡུལ་ལས་འདས་པ་ནི་རང་ཉིད་ཀྱི་སྔོན་དཔག་ལས་སྐར་གྲངས་ཅུང་དམའ།  ས་ཁམས་ཀྱི་རྒྱུགས་ཡག་པོ་ཞིག་སྤྲོད་མ་ཐུབ།  ཕྲན་གྱི་འདོད་པ་ཡིན་ན་ཀྲུང་དབྱང་མི་རིགས་སློབ་ཆེན་ལ་རྒྱུགས་འཕྲོད་འདོད་པ་དེ་ཡིན། རྒྱུ་མཚན་ནི་ཕྲན་ཉིད་མི་རིགས་ས་ཁུལ་གྱི་སློབ་མ་ཡིན་པས།  ཕྲན་གྱིས་མི་རིགས་ཀྱི་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་ཤུགས་འབུལ་འདོད།  འདིར་ཕྲན་ཉིད་ཀྱི་ཕ་མ་ལ་བཀའ་དྲིན་ཞུས་པ་ཡིན།  ཕྲན་ལ་མཚོན་ན་རང་གི་ཁྱིམ་ཚང་ཕྱུག་པོ་ཞིག་མིན་རུང་། ཁོང་ཚོས་ནམ་ཡང་ཕྲན་གྱི་སློབ་སྦྱོང་ལ་མཐུན་རྐྱེན་སྦྱར་ཞིང་སེམས་ཁྲལ་བསལ་བ་ཡིན།  དེ་ནས་རང་གི་སློབ་གྲྭར་བཀའ་དྲིན་ཞུས་པ་ཡིན།  རྒྱུ་མཚན་ནི་ཕྲན་གྱིས་སློབ་འབྲིང་འདིར་ལོ་དྲུག་ལ་སློབ་སྦྱོང་བྱས་པ་ཡིན།  ཁོང་ཚོས་ཕྲན་ལ་སློབ་སྦྱོང་གི་ཁོར་ཡུག་དང་སྟེགས་བུ་གང་ལེགས་བསྐྲུན།  ད་དུང་རང་གི་དགེ་རྒན་ལ་བཀའ་དྲིན་ཞུས་པ་ཡིན་ཏེ།   ཕྲན་གྱི་སྦྱངས་འབྲས་ཞན་དུ་འགྲོ་ཐེངས་རེར་ཁོང་ཚོས་ཕྲན་ལ་སྐུལ་ལྕག་ཆེན་པོ་གནང་བ་དང་།  ད་ཐེངས་རྒྱུགས་འབྲས་ལ་ལྟ་སྐབས་ཀྱང་ཁོང་ཚོས་མགོ་ནས་མཇུག་བར་ང་ཚོར་རྒྱབ་སྐྱོར་གནང་ཡོད།  མཐར་ཕྲིན་ཉིད་ཀྱིས་ཉིན་མཚན་དབྱེར་མེད་དུ་བརྩོན་པ་ཡུན་རིང་བྱས་པའི་སྙིང་རུས་ལའང་བཀའ་དྲིན་ཞུས་པ་ཡིན་ཟེར།

     མཛོད་དགེ་རྫོང་གི2023ལོའི་མཐོ་རྒྱུགས་ལས་རྩིས་ཚན་གྱི་རྒྱུགས་འབྲས་ཨང་དང་པོ་སྟེ་བོད་ཡིག་སློབ་འབྲིང་གི་མཐོ་གསུམ་འཛིན་གྲྭ་ལྔ་པའི་སློབ་མ་འབྲུག་མཚོས་བཤད་རྒྱུར།  ཕྲན་གྱི་འཛིན་བདག་དགེ་རྒན་ལ་བཀའ་དྲིན་ཤིན་ཏུ་ཞུས་པ་ཡིན།  ཕྲན་ཉིད་ནི་སྨྲ་བ་ཉུང་བའི་གཤིས་ཀ་ཅན་ཡིན་པས།  ཁོང་གིས་ཕྲན་ལ་རོགས་རམ་གང་མང་གནང་སྟེ་ནམ་ཡང་ཕྲན་ལ་རྒྱབ་སྐྱོར་གནང་། རྒྱུགས་འབྲས་འདི་འདྲ་ལོན་པའང་ཁོང་གི་བཀའ་དྲིན་ཡིན་ཞེས།  རང་ཉིད་ཀྱི་རྒྱུགས་འབྲས་ག་འདྲ་ཡིན་པའི་གནས་ཚུལ་རྟོགས་རྗེས།  མཛོད་དགེ་རྫོང་གི2023ལོའི་མཐོ་རྒྱུགས་ལས་རྩིས་ཚན་གྱི་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་བོད་ཡིག་སློབ་འབྲིང་གི་མཐོ་གསུམ་འཛིན་གྲྭ་ལྔ་པའི་སློབ་མ་འབྲུག་མཚོས། སེམས་འགུལ་རབ་ཏུ་ཐེབས་བཞིན་ཕྲན་ཉིད་ཀྱི་དགེ་རྒན་ལ་བཀའ་དྲིན་སྙིང་ནས་ཞུས་པ་ཡིན་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1