ཚྭ་ཤར་གྲོང་ཚོའི་མི་ཚང་མར་སྐྱེ་ཁམས་ཀྱི་ཡོང་འབབ་ལེན་རྒྱུ་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-28


 རྩོམ་སྒྲིག་པའི་གཏམ།

 གསོན་ཉམས་དོད་པའི་གསར་འགྱུར་ནི་ས་གནས་ས་ཐོག་ནས་བྱུང་བ་དང་མི་སེམས་འགུལ་བའི་གཏམ་རྒྱུད་ནི་འཐབ་ས་དང་པོ་ནས་བྱུང་བ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རིང་། འདི་ག་ཚགས་པར་གྱིས་དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཚད་གཞིར་བཟུང་སྟེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་སྨྱན་སྦྱོར་ཡོངས་ཀྱིས་རྩོམ་སྲོལ་བསྒྱུར་བའི་བྱེད་སྒོ་སྤེལ་ཏེ། གསར་འགོད་པ་གཞི་རིམ་དང་། འཐབ་ས་དང་པོ། མང་ཚོགས་ཡོད་ས་བཅས་སུ་བསྐྱོད་ནས་སྤྱོད་ཚུལ་བསྒྱུར་བ་དང་། རྩོམ་སྲོལ་བསྒྱུར་བ། “ནུས་པ་བཞི”ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྨྱུག་རྩེ་དང་པར་ཆས་མི་དམངས་མང་ཚོགས་ཀྱི་ལས་གཏོད་གསར་གཏོད་ཀྱི་ལག་ལེན་ལ་བསྡིགས་ནས་མི་སེམས་འགུལ་བའི་འཕོ་འགྱུར་ཟིན་ཐོར་བཀོད་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱེད་རྒྱུ་ཡིན།

 དེ་རིང་ནས་བཟུང་། འདི་ག་ཚགས་པར་གྱིས“ས་གནས་ས་ཐོག”ཅེས་པའི་ཆེད་སྒྲིག་ལེ་ཚན་བཏོད་ནས་ས་མཐོའི་ས་གཞི་ཆེ་མོའི་ཐོག་གི་རྩམ་དྲི་དང་མར་དྲི་འཕྱུར་བའི་གསར་འགྱུར་དང་གཏམ་རྒྱུད་དག་འཕྲིན་སྤེལ་བྱས་ཏེ་ཀློག་པ་པོར་བསམ་བློ་ཡོད་པ་དང་། དྲོད་འཁོལ་འཁྱིལ་བ། སྤུས་ཚད་ལྡན་པ་བཅས་ཀྱི་བརྩམས་ཆོས་ཧུར་ཐག་འདོན་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཤོ་མོང་ཤང་ཚྭ་ཤར་གྲོང་ཚོའི་ཡུལ་ལྗོངས་ཡིན་པ།

 ལྷ་ས་ནས་ནག་ཆུར་ལོག་སྐབས། རྒྱལ་མོ་རྔུལ་ཆུའི་ཆུ་ལག་ཏུ་གྲགས་པའི་ཆུ་བོ་ཆེན་པོ་དང་པོ་ནི་གཡུག་ཆུ་བརྒལ་དགོས་ཀྱི་ཡོད། ཆུ་བོའི་བཞུར་རྒྱུན་ལས་ལྡོག་སྟེ་བསྐྱོད་ནས་ལུང་ཤུར་ཞིག་བརྒལ་རྗེས། ད་གཟོད་ཆུ་འགོའི་ཁུལ་གྱི་ཡངས་པའི་རྩྭ་ཐང་འདྲེན་བྱེད་ལམ་དུ་འཆར། ནོར་གནག་གི་ཁྱུ་ཚོགས་ནི་དབྱར་དུས་ཀྱི་ས་མཐོའི་སྤང་གཞོང་དུ་ཅི་དགར་རོལ་བ་དང་། འབྲོག་ལས་གྲོང་ཚོ་རེ་རེ་རྩྭ་ཐང་གི་མཐའ་སྐོར་དུ་ཕྲ་བཏབ་པ་ལྟར་དུ་གནས་ཤིང་། མཐའ་བཞི་ནི་རྩེ་མོ་གངས་ཀྱིས་བཀླུབས་པའི་ས་འཛིན་གྱི་མྱུ་ཁྱུད་ཀྱིས་ཀུན་ནས་བརྒྱན།

 དེའི་སྦུག་ཤོས་ཀྱི་གྲོང་ཚོ་དེ་ལ་ཚྭ་ཤར་གྲོང་ཚོ་ཟེར་ཞིང་། གཡུག་ཆུའི་ཆུ་འགོར་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4860ཟིན། ས་བབ་མཐོ་བ་དང་རི་དང་ཐག་ཉེ་བས་ཉིན་གཅིག་གི་གནམ་གཤིས་ལའང་འགྱུར་ལྡོག་ཧ་ཅང་ཆེ། འོན་ཀྱང་འདི་གར་གཡུ་ལོ་ཐགས་སུ་བཀྲ་ཞིང་ཆུ་བོ་མང་བས་གང་ས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ཟླ་བ་གཅིག་གི་གོང་དུ་ཚྭ་ཤར་གྲོང་ཚོས་གོང་རིམ་ལ་སྙན་ཞུ་ཞིག་ཕུལ་ཏེ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོར་རེ་འདུན་ཞུས།

 “མཚོ་བོད་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ང་ཚོ་ཚང་མས་སྒྲུབ་དགོས་པའི་འགན་འཁྲི་རེད”བསོད་ནམས་མཚོ་མོ་སློབ་གྲྭ་ཐོན་མ་ཐག་གསེར་རྙེད་ཆུས་ཤོ་མོང་ཤང་ཚྭ་ཤར་གྲོང་ཚོར་བཅའ་སྡོད་ལས་དོན་སྒྲུབ་པ་དང་ད་ཆ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་རེད། ཁོང་གིས་སྐྱེ་ཁམས་ཁོར་ཡུག་ལེགས་པོ་དང་སྡོད་མལ་ཁོར་ཡུག་བཟང་པོས་འབྲོག་པའི་འཚོ་བ་སྐྱིད་པོ་དང་བདེ་ཐང་ཡོང་ཐུབ་ལ། མང་ཚོགས་ཚོས་ཁོར་ཡུག་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཡོང་འབབ་ཀྱང་གསོག་ཐུབ་ཅེས་བརྗོད།

 “སྐྱེ་ཁམས་སྲུང་སྐྱོང་བྱས་རྗེས་ཐད་ཀར་ཕན་པ་ཐོབ་མཁན་མང་ཚོགས་ག་ཚོད་ཡོད་དམ”ཞེས་གསར་འགོད་པས་དྲིས།

 ལོ་བཞི་གྲོང་ཚོར་བཅའ་སྡོད་བྱས་རྗེས་བསོད་ནམས་མཚོ་མོས་གྲོང་ཚོའི་གནས་ཚུལ་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད། ཁོང་གིས་སྐྱེ་ཁམས་ལས་གནས་ལ་མི་134དང་། གྲོང་ཚོའི་གཙང་སྦྲ་འཕྲོད་བསྟེན་བྱེད་མཁན་མི་6 རྩྭ་ཐང་གི་ལྟ་སྐུལ་དོ་དམ་པ་མི་14ཡོད་པ་སོགས་འཕྲལ་མར་རེ་རེ་བཞིན་དུ་ལན་བཏབ།

 བསོད་ནམས་མཚོ་མོས་ངོ་སྤྲོད་བྱས་པ་ཉན་རྗེས། གསར་འགོད་པས་ཚྭ་ཤར་ཤང་ལ་རྒྱུན་སྡོད་མི་འབོར་496ཡོད་པར་ཆ་བཞག་ན་འབྲོག་པ་སུམ་ཆ་གཅིག་ལ་ཐད་ཀར་ཕན་པ་ཐོབ་ཀྱི་འདུག་ཅེས་འཕྲལ་མར་རྩིས་བརྒྱབ།

 གྲུབ་འབྲས་དེར་བསོད་ནམས་མཚོ་མོས་མོས་མཐུན་གཏན་ནས་བྱེད་ཀྱི་མེད་པས་ཁོང་གིས“རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ཀྱི་ཁེ་སྤོགས་བསྡོམས་ན་གྲོང་ཚོའི་མི་ཚང་མར་སྐྱེ་ཁམས་སྲུང་སྐྱོང་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་ཡོད”ཅེས་བརྗོད།

 རེད་ཨང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་རྩ་ཆེ་ཤོས་དེ་རེད། དེ་དག་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ཁྲོད་ནས་གང་ལེགས་མངོན་གྱི་ཡོད།

 ཚྭ་ཤར་གྲོང་ཚོ་གནས་སའི་གཡུག་ཆུའི་ཆུ་འགོ་ཡོད་སར་གཡུག་ཕུ་ཟེར་གྱི་འདུག གཡུག་ཆུ་ནི་རྒྱ་བོད་དབར་གྱི་འགྲོ་འོང་ལོ་རྒྱུས་ཀྱི་གཏམ་རྒྱུད་ཁྲོད་ནས་མིང་དེ་ལྟར་བཏགས་པ་ཞིག་རེད། ད་ཆ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་གིས་འདི་གར་སླར་ཡང་གོ་དོན་གསར་པ་ཞིག་བསྣན་ཡོད་པས། གཡུག་ཆུའི་ངོགས་སུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཆུ་འགོ་དང་སྐྱེ་ཁམས་ཀྱི་ཆུ་འགོའི་མཛེས་རིས་ཤིག་མངོན་བཞིན་མཆིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1