ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-29


ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་དང་མཇལ་འཛོམས་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་དང་མཇལ་འཛོམས་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ནི་རི་ཆུ་ཕན་ཚུན་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། ཡུན་རིང་གི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་གཉིས་པོའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྦད་དེ་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་མོང་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཀྲུང་གོ་ནི་མོང་གོལ་རྒྱལ་ཁབ་ཀྱིས་བློས་འགེལ་ཆོག་པ་དང་གཙིགས་ཆེན་བྱེད་ཆོག་པའི་རོགས་ཟླ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་ཀྲུང་མོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ཁྲིད་སྟོན་དུ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་། ཕན་ཚུན་ཡིད་ཆེས། མཉམ་ལས་བཅས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་མོང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་ས་ཁུལ་དེ་གར་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་མོང་གོལ་གྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་།  རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག ཕྱོགས་གཉིས་པོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་མོང་གོལ་རྒྱལ་ཁབ་ཀྱིས་ཀྱང་རྒྱལ་ཁབ་ཀྱི་སྒྱུར་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞོལ་བཞིན་ཡོད་པས། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ལག་གདང་སྦྲེལ་ཏེ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆོག ཀྲུང་གོ་ཕྱོགས་ཀྱིས་མཛའ་བརྩེ་དང་ལྷག་བསམ་གྱི་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ནས་མོང་གོལ་ཕྱོགས་དང་མཉམ་ལས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མོང་གོལ་ཕྱོགས་དང་ཐང་རྒོད་ཅན་འགོག་བཅོས་མཉམ་ལས་བྱེད་པ་དང་མོང་གོལ་ཕྱོགས་ཀྱིས“ལྗོན་ཤིང་སྡོང་རྐང་དུང་ཕྱུར་བཅུ་འཛུགས་རྒྱུའི”འཆར་གཞིར་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་ཏང་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད།

        ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ལ་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་ལངས་ཕྱོགས་དང་འདོད་ཚུལ་འདྲ་པོ་ཡོད། མོང་གོལ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཕྱོགས་མང་རིང་ལུགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1