༄༅། །ཡུས་ཧྲུའུ་གྲོང་ཁྱེར་ཨ་ཁྲོ་ཡུལ་ཤོག་ཀླད་ཡུལ་གྲོང་པའི་ཁང་རྙིང་ཞིག་ནས་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་རྙེད་པ།

ཚུལ་ཁྲིམས་བཟང་པོ་དང་དོན་འགྲུབ་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-29


        ཉེ་སྔོན། ཡུས་ཧྲུའུ་གྲོང་ཁྱེར་ལོ་རྒྱུས་རིག་གནས་ཞིབ་འཇུག་ཁང་གིས་ཀླད་ཡུལ་གྲོང་པའི་ཀླད་ཡུལ་ཚང་གི་ཁང་རྙིང་དུ་ལྡེབས་རིས་གསར་དུ་རྙེད་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བ་དང་། 2023ལོའི་ཟླ་6པའི་ཚེས་26ཉིན་ཆེད་དུ་ཡུས་ཧྲུའུ་གྲོང་ཁྱེར་ཨ་ཁྲོ་ཡུལ་ཤོག་གི་བྲག་བརྐོས་རི་མོ་ལ་རྟོག་ཞིབ་བྱེད་པའི་དུས་དང་འཁེལ་སྟབས། ཞོར་དུ་ཀླད་ཡུལ་གྲོང་པའི་ཀླད་ཡུལ་ཚང་གི་ཁང་རྙིང་དུ་ཡང་སྙིང་ཅི་ཞིག་འདུག་ལྟ་རུ་སོང་བ་ཡིན། ཁང་རྙིང་དེ་ཡུས་ཧྲུའུ་གྲོང་ཁྱེར་ཨ་ཁྲོ་ཡུལ་ཤོག་ཀླད་ཡུལ་གྲོང་པའི་ཁོངས་གཏོགས་ཀྱི་འབྲི་ཆུའི་འགྲམ་ངོགས་སུ་བསྐྲུན་འདུག་ལ། ཁང་པའི་འཛུགས་སྐྲུན་ལ་ཐོག་མའི་ཚད་ལེན་ཞིབ་དཔྱད་བྱས་མཐར། ད་ཡོད་འཛུགས་སྐྲུན་གྱི་ས་ངོས་ཟིན་ཚད་ནི་སྲིད་ལ་སྨི་18དང་ཞེང་ལ་སྨི་17དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་300ཙམ་དང་། མཐོ་ཚད་སྨི་9ཙམ་གྱི་བརྩེགས་གསུམ་ཅན་ཞིག་རེད་འདུག་ལ། ཁང་པའི་རྒྱུ་ཆ་གཙོ་བོ་ནི་ཤིང་དང་རྡོ། ས་བཅས་རེད།

        ལྡེབས་རིས་ནི་ཁང་བརྩེགས་དང་པོ་རུ་བཞུགས་ཤིང་། པར་རིས་སུ་མཐོང་བའི་སྒོ་དེ་ནི་ཁང་བརྩེགས་དང་པོའི་ཤར་སྒོ་ཡིན་ལ། སྒོ་ནས་ཡར་འཛུལ་ན་སྲིད་ལ་སྨི་8དང་ཞེང་ལ་སྨི་2.8ཡོད་པའི་བར་ཁྱམས་རིང་མོ་ཞིག་འདུག །ཡང་སྨི་5ཡི་མཚམས་སུ་གྱང་གིས་ཕྱེས་ནས་དེ་ལའང་སྒོ་གཅིག་འདུག །ལྡེབས་རིས་ནི་ཁང་པ་དེའི་ལྷོ་ངོས་དང་ནུབ་ངོས་སུ་བཞུགས་ཤིང་། བྱང་ངོས་སུ་ཡང་ཐིག་རིས་རབ་རིབ་ཙམ་མཐོང་རྒྱུ་འདུག །

        ད་ལྟ་མཇལ་རྒྱུ་ཡོད་པའི་ལྡེབས་རིས་ལ་བརྟག་པ་ན་དེ་ནི་རྒྱལ་བ་རིགས་ལྔ་ལས་ནུབ་སྣང་བ་མཐའ་ཡས་དང་འཁོར་བྱང་ཆུབ་སེམས་པའི་སྐུ་ཡིན་པ་ཁ་ཚོན་གཅོད་ནུས་ཤིང་། རི་མོའི་ཉམས་འགྱུར་ལས་དེ་ནི་དུས་རབས་14པ་ནས་16པའི་བར་གྱི་མིང་རྒྱལ་རབས་ཀྱི་ལྡེབས་རིས་ཡིན་པ་རྟོགས་སླ། རི་མོའི་ཉམས་འགྱུར་འདི་ལྟ་བུ་འབྲི་ཆུའི་འགྲམ་རྒྱུད་དུ་རྙེད་པ་ཐེངས་དང་པོ་མ་ཡིན་ཏེ། ཉེ་འགྲམ་དུ་སྔར་ཡང་འདི་ལྟ་བུའི་ལྡེབས་རིས་ཁག་ཅིག་རྙེད་ཡོད། ཁང་རྙིང་དེ་ནས་མིང་རྒྱལ་རབས་ཀྱི་ལྡེབས་རིས་རྙེད་པ་དེས་ཀླད་ཡུལ་ཁྱིམ་རྒྱུད་ཀྱི་ཁང་པ་དེའང་དུས་རབས་14པ་ནས་15པའི་བར་བསྐྲུན་ཡོད་པ་རྟོགས་ཐུབ་ལ། ད་ཡོད་ལྡེབས་རིས་ཀྱི་གནས་ཚུལ་ལ་བལྟས་པ་ན་ལོ་ངོ་700ལ་ཉེ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ཁང་རྙིང་དེའི་བཟོ་བཀོད་ལའང་འགྱུར་ལྡོག་མི་ཉུང་བ་བྱུང་ཡོད་པ་དཔོག་ཐུབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1