བེ་ཤ་ཆུང་ཆུང་གིས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཡངས་པར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 06-30


        རྩི་ཤིང་ལོ་འདབ་རྒྱས་ཤིང་བྱ་བྱེའུ་གར་དུ་རྩེན་པའི་ཟླ་དྲུག་པར། རྔ་བ་རྫོང་གི་ཅིན་ལན་བཟའ་བྱའི་ཤ་མོང་འདེབས་འཛུགས་རྟེན་གཞི་རུ་བེ་ཤ་དམར་པོའི་ལོ་ལེགས་བྱུང་འདུག ལས་ཀ་བ་རྣམས་ཀྱིས་དམར་ཞིང་རྒྱགས་པའི་བེ་ཤ་དམར་པོ་སླེ་བོ་གང་རེ་ལག་ཏུ་བཟུང་ནས་གདོང་ལ་ལོ་ལེགས་ཀྱི་དགའ་བའི་ཁེངས་ཡོད།

        རྟེན་གཞིའི་སྤྱིལ་ཁང་ནང་དུ། གསར་འགོད་པའི་མིག་ལམ་དུ་བེ་ཤ་དམར་པོ་རེ་རེའི་ཟླུམ་གཟུགས་ཀྱི་མགོ་ལྕོག་ཕྱི་རུ་བུད་ཅིང་། ཤ་རྐང་དཀར་པོ་ཡིས་རྒྱགས་སྣུམ་གྱི་མགོ་ལྕོག་ཡར་ལ་བཏེགས། དེ་ནི་ཟླུམ་རིལ་གྱི་ཆར་གདུགས་ཆུང་ཆུང་ཞིག་དང་གཉིས་སུ་མ་མཆིས། དམར་ཞིང་རྒྱགས་པའི་སྐྱེ་སྟངས་ཉམས་དགའ་བ་ཞིག་གསར་འགོད་པའི་མིག་ལམ་དུ་ཤར་བྱུང་། རྒྱུན་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་11ཉིན་ནས་བཟུང་། རྟེན་གཞིའི་འདིས་བེ་ཤ་དམར་པོ་འཐུ་འགོ་ཚུགས་ཡོད། ད་ལྟའི་བར་དུ་རྒྱ་མ་ཁྲི་1ལྷག་ཕྱིར་འཚོང་བྱས་ཡོད། ཟླ་10པའི་ཟླ་མཇུག་བར་དུ་འཐུ་རྒྱུ་ཡིན། 

        རྟེན་གཞིའི་འགན་འཁུར་བ་བློ་བཟང་བཀྲ་ཤིས་ཀྱིས་བཤད་རྒྱུར། སྤྱིལ་ཁང་གཅིག་གི་ནང་ནས་སླེ་བོ་8འཐུ་ཐུབ་པ་དང་། སླེ་བོ་གཅིག་གི་ནང་དུ་རྒྱ་མ་8ཡོད། སྤྱིལ་ཁང་90ལྷག་ཡོད་པས་སླེ་བོ་900ལྷག་འཐུ་ཐུབ་པ་དང་རྒྱ་མ་སྟོང་5ནས་སྟོང་6ཟིན་ཡོད་ཟེར།

        རྟེན་གཞི་འདིས་ན་ནིང་ནས་བཟུང་བེ་ཤ་དམར་པོ་འདེབས་འཛུགས་བྱས་ཡོད། ད་ལོར་འདེབས་འཛུགས་ཀྱི་ཉམས་མྱོང་ཡོད་པ་དང་ཆེད་ལས་ལག་རྩལ་མི་སྣའི་མཛུབ་སྟོན་ཡོད་པས། མིག་སྔའི་སྐྱེ་ཚུལ་ལ་བལྟས་ན་ཐོན་འབོར་ལེགས་པོ་ཡོད། རྟེན་གཞིའི་འཁྱགས་མཛོད་ནང་དུ་ད་སོ་མར་འཐུས་བའི་བེ་ཤ་དམར་པོའི་ཁེངས་འདུག ལས་ཀ་བ་བཅུ་ལྷག་གིས་བེ་ཤ་དམར་པོའི་སྐྱེ་རྣམ་དང་ཆེ་ཆུང་ལ་གཞིགས་ནས་རིམ་པ་བགོས་ཏེ་ཐུམ་རྒྱག་བྱེད་བཞིན་ཡོད། ངོ་སྤྲོད་ལྟར་ན། མིག་སྔའི་ཚོང་རའི་རིན་གོང་ནི་རྒྱ་མ་གང་ལ་སྒོར་10ནས་སྒོར་15བར་ཡིན། གཙོ་བོ་ཀང་ཀྲོའུ་དང་ཧྲང་ཧའེ། ཝུན་ཀྲིག་སོགས་གྲོང་ཁྱེར་ཆེ་གྲས་སུ་ཕྱིར་འཚོང་བྱེད་བཞིན་ཡོད། ཁ་ཤས་ཤིག་ས་གནས་རང་གི་ཚོང་རར་ཕྱིར་འཚོང་ཡང་བྱེད་བཞིན་ཡོད།

        བློ་བཟང་བཀྲ་ཤིས་ཀྱིས་བཤད་རྒྱུར། དེ་རིང་འཐུས་ནས་སང་ཉིན་ཐུམ་བརྒྱབ་ཏེ་ཉིན་གཅིག་མ་གཏོགས་འགོར་མི་དགོས་བར་ཉོ་བདག་གི་ལག་ཏུ་འབྱོར་ཐུབ། གཞུག་ཕྱོགས་མྱུར་ལམ་ཤར་གཏོང་ཐུབ་དུས་སྔར་ལས་སྟབས་བདེ་མོ་ཡོང་སྲིད་ཟེར།

        མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་བཀོད་ལ་སྐུལ་འཁྲིད་དང་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ཁྲོད་དུ་ཧུར་ཐག་གིས་ཞུགས་པ་ནི་རྔ་བ་རྫོང་གི་དབུལ་སེལ་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་གྱིས་སྦྲེལ་མཐུད་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། བློ་བཟང་བཀྲ་ཤིས་དང་བཟའ་ཟླ་གངས་པེ་གཉི་ཀ་རྔ་བ་རྫོང་གི་ཡིན། བཟའ་ཟླ་གཉིས་ཀྱིས་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བ་ནི་ཡར་རྒྱས་ཀྱི་གོ་སྐབས་བཟང་བོ་ཞིག་ཏུ་བརྩིས་ཏེ། ཉེ་འཁོར་དུ་གྲུབ་འབྲས་ཐོབ་པའི་མིག་དཔེ་ཡོད་པ་མཐོང་རྗེས། ཁོང་གཉིས་ཀས་སློབ་སྦྱོང་དང་འབད་བརྩོན་བྱས་པ་བརྒྱུད་ཅིན་ལན་བཟའ་བྱའི་ཤ་མོང་འདེབས་འཛུགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་བཙུགས། ན་ནིང་འདེབས་འཛུགས་ཀྱི་ཕན་འབྲས་ལེགས་པོ་ཐོན་ཡོད། ད་ལོར་སེམས་པ་ཡིད་ཆེས་དང་སྤོབས་པས་ཁེངས་ནས་འདེབས་འཛུགས་ཀྱི་གཞི་རྒྱ་ཆེ་རུ་བཏང་།

        བཅར་འདྲི། གངས་པེ་ཡིས་བཤད་རྒྱུར། ང་ཚོའི་བེ་ཤ་དམར་པོ་ཆེ་ཞིང་ཡག་པས། དཀའ་བ་ག་འདྲ་ཡོད་ཀྱང་སེམས་པ་དགའ་བའི་ཁེངས་ཡོད་ཟེར།

        ཐོན་ལས་གཅིག་གི་འཕེལ་རྒྱས་ཀྱིས་མི་ཚོགས་སྐོར་ཞིག་གི་ཡོང་སྒོ་མཐོ་རུ་གཏོང་ཐུབ། རྟེན་གཞི་འདིས་ལས་ཀ་བ་གཙོ་བོ་ས་གནས་ཀྱི་མང་ཚོགས་བསྡུ་བཞིན་ཡོད། རྟེན་གཞི་འདི་རུ་ཡུན་རིང་ལས་ཀ་ལས་བཞིན་པའི་ས་གནས་མང་ཚོགས་10ལྷག་ཡོད། བདེ་སྐྱིད་ནི་དེའི་ཁྲོད་ཀྱི་གཅིག་ཡིན། མོ་ནི་སྨྲ་བར་དགའ་བའི་བོད་ཀྱི་བུ་མོ་ཞིག་ཡིན། ཁོ་མོ་འདེབས་འཛུགས་དང་སྐྱེལ་འདྲེན། དོ་དམ་སོགས་ཕྱོགས་མང་པོར་འབྲེལ་བ་ཡོད་པས་རྟེན་གཞི་འདིའི་ལས་ཀ་གཙོ་བོ་ཞིག་ཡིན། ཟླ་རེའི་གླ་ཕོག་3500ལ་མོ་རང་ཡིད་ཚིམ་ནས་ཡོད།

        བཅར་འདྲི། བདེ་སྐྱིད་ཀྱིས་བཤད་རྒྱུར། ངས་འདི་ནས་ལག་རྩལ་སློབ་ཐུབ་པ་དང་ཡོང་སྒོ་ཡང་བཙལ་ཐུབ། ཕྱོགས་གང་ཐད་ནས་བལྟས་ཀྱང་སྟབས་བདེ་རེད་ཟེར།

        ས་གནས་ཀྱི་མང་ཚོགས་ལ་ཁེ་ཕན་ཞིག་སྐྲུན་ཐུབ་པ་ཡིས་བློ་བཟང་བཀྲ་ཤིས་ཀྱི་སེམས་ཁོངས་དགའ་བའི་ཁེངས་ཡོད་པ་དང་། མ་འོངས་པའི་འཆར་གཞི་ལ་ཡིད་ཆེས་ཀྱི་ཁེངས་ནས་ཡོད། ཁོས་འདེབས་འཛུགས་ཀྱི་གཞི་རྒྱ་མུ་མཐུད་དུ་རྒྱ་བསྐྱེད་གཏོང་རྒྱུ་དང་འདེབས་འཛུགས་ཀྱི་རིགས་སྣ་ཇེ་མང་བཏང་སྟེ། སྔར་ལས་མང་བའི་སྡེ་མིའི་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་རྒྱུ་ཡིན་པ་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1