སི་ཁྲོན་དཀར་མཛེས་ནས་བསྐལ་པ་ཡ་ཐོག་གི་ཚོན་ལྡན་བྲག་རིས་ཁྱུ་ཚོགས་གསར་རྙེད་བྱུང་།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-05


        


མཚོ་ལའི་དགེ་བསྙེན་བྲག་རིས་ཁྱུ་ཚོགས་ཀྱི་ཡུལ་དངོས་འདྲ་པར།

        སྤྱི་ཟླ་6པའི་ཚེས་21ནས་26ཉིན་གྱི་བར། ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་གོའི་བྲག་རིས་ལྟེ་གནས་དང་དཀར་མཛེས་ཁུལ་མཚོ་ལའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ལྷན། ལི་ཐང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་རྩ་འཛུགས་བྱས་པའི་བྲག་རིས་མཉམ་འབྲེལ་རྟོག་ཞིབ་ཚོ་ཆུང་གིས་མཚོ་ལའི་དགེ་བསྙེན་ས་ཁོངས་སུ་ཆེད་དུ་ཉིན་ལྔའི་རིང་བསྐལ་པ་ཡ་ཐོག་གི་བྲག་རིས་ལ་ཡུལ་དངོས་རྟོག་ཞིབ་ཀྱི་ལས་དོན་སྤེལ་བ་རེད།

        ད་ཐེངས་ཀྱི་རྟོག་ཞིབ་ཁྲོད་དཀར་མཛེས་ཁུལ་མཚོ་ལའི་དགེ་བསྙེན་ས་ཁོངས་ཀྱི་སྤྱི་ལེ་གྲུ་བཞི་མ་1800ཡི་ས་མཐོའི་ཐང་རྒོད་དང་རྩྭ་ཐང་། བརླན་ས། གྲོག་རོང་ས་ཁོངས་སུ་བསྐལ་པ་ཡ་ཐོག་གི་ཚོན་ལྡན་བྲག་རིས་ཁག་དྲུག་གསར་དུ་རྙེད་པར་མ་ཟད། གསར་རྙེད་བྱུང་བའི་བྲག་རིས་ལ་ཡུལ་དངོས་ནས་པར་བརྙན་ལེན་པ་དང་ས་ཁྲའི་ཆ་འཕྲིན་འཚོལ་བསྡུ། ས་དབྱིབས་ཆགས་ཚུལ་དང་སྔོ་ཁེབས་སྐྱེ་ཚུལ་ཐོ་འགོད་སོགས་ཀྱི་ལས་དོན་སྤེལ་ཡོད།




མཉམ་འབྲེལ་རྟོག་ཞིབ་ཚོ་ཆུང་གིས་པར་ལེན་ཐོ་འགོད་བྱེད་བཞིན་པ།

        ཐེངས་འདིའི་བྲག་རིས་ཡུལ་དངོས་རྟོག་ཞིབ་ཁྲོད་གསར་དུ་རྙེད་ཅིང་གཏན་ཁེལ་བྱས་པའི་ཚོན་ལྡན་བྲག་རིས་ཁག་དྲུག་གི་ཁྲོད། ཁག་ལྔ་ནི་མཚོ་འཕགས་སྨི་4600ཡན་གྱི་ས་ཁོངས་སུ་ཡོད་པ་དང་། གཅིག་ཤོས་ནི་མཚོ་འཕགས་སྨི་3700ཡོད་པའི་གྲོག་རོང་ས་ཁུལ་ནས་རྙེད། བྲག་རིས་ཚང་མ་ཚོན་མདོག་དམར་པོས་བྲིས་ཤིང་། རི་མོའི་ནང་དོན་དུ་ཤྭ་ཕོ་རྭ་ཆེན་དང་གནའ་བ། ལག་ཆ་བཟུང་བའི་མིའི་གཟུགས་དབྱིབས། གཅན་གཟན་གྱི་སྡེར་མོ་སོགས་འདུག །




མཚོ་ལའི་དགེ་བསྙེན་བྲག་རིས་ཁྱུ་ཚོགས་ཀྱི་ཡུལ་དངོས་འདྲ་པར།

        ཀྲུང་གོའི་བྲག་རིས་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཀྲང་ཡ་ཧྲ་ལགས་ཀྱིས་ཡུལ་དངོས་ནས་བླངས་པའི་འདྲ་པར་མཐོང་རྗེས། ཁོང་གིས་བྲག་རིས་འདི་ནི་བསྐལ་པ་ཡ་ཐོག་རྔོན་རྒྱག་དུས་སྐབས་ཀྱི་མིའི་རིགས་ཀྱིས་བཞག་པའི་རྗེས་ཤུལ་ཡིན་ལ། མིའི་རིགས་ཀྱི་ཆེས་སྔ་བའི་འདུ་ཤེས་ཡོད་པའི་སྒོ་ནས་གསར་གཏོད་བྱས་པའི་ཡ་གྱལ་ཞིག་རེད། མཚོ་ལའི་ས་ཁོངས་སུ་བྲག་རིས་གསར་རྙེད་བྱུང་བ་ལས། བྲག་རིས་ཀྱི་བརྗོད་བྱ་གཙོ་བོ་དང་རི་མོའི་ཚད་གཞི། རི་མོའི་ཁྱད་ཆོས་དང་ལག་རྩལ་སོགས་ལ་བརྟག་ན། བསྐལ་པ་ཡ་ཐོག་གི་ཁྱད་ཆོས་དུ་མ་ལྡན་པ་དང་། ཀྲུང་གོའི་ལྷོ་ནུབ་ཁུལ་དུ་དམིགས་བསལ་དུ་ཡོད་པའི་རྡོ་ཆས་རྙིང་པའི་དུས་སྐབས་ཀྱི་བྲག་རིས་ཁྱུ་ཚོགས་དང་འབྲེལ་བ་ཡོད་པར་འདོད། མཚོ་ལའི་བྲག་རིས་ནི་སི་ཁྲོན་དུ་འདིའི་རིགས་ཀྱི་གནའ་བོའི་བྲག་རིས་རྙེད་ཐེངས་དང་པོ་ཡིན་པ་དང་། མདོ་དབུས་མཐོ་སྒང་དུ་ལོ་དུ་མའི་རིང་གསར་དུ་རྙེད་པའི་བྲག་རིས་ཁྲོད་ཅུང་གནའ་ཤོས་དེ་ཡིན་པས། མདོ་དབུས་མཐོ་སྒང་གི་བྲག་རིས་ལ་ངོས་འཛིན་གསར་པ་བྱུང་ཡོད་ཅེས་གསུངས།

        ཐེངས་འདིའི་ཡུལ་དངོས་རྟོག་ཞིབ་བྱེད་སྒོ་ལ་ཆེད་དུ་གདན་འདྲེན་ཞུས་པའི་ཞིབ་འཇུག་པ་ཀྲོའུ་ཞིང་ཁང་གིས། ངས་ལོ་དུ་མའི་ནང་མདོ་དབུས་མཐོ་སྒང་གི་བྲག་རིས་ཡོད་སའི་གནས་150ལྷག་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་ཡིན་ལ། ད་ཐེངས་མཚོ་ལའི་དགེ་བསྙེན་ས་ཁོངས་སུ་གསར་རྙེད་བྱུང་བའི་ཚོན་ལྡན་བྲག་རིས་ནི། ངས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན་སོགས་ཀྱི་མཐོ་སྒང་བྲག་རིས་ཁག་གི་ཁྲོད་ཐེངས་དང་པོ་མཐོང་བ་ཡིན། མ་ཚད་དཀར་མཛེས་ཁུལ་མཚོ་ལའི་བྲག་རིས་ནི་མཚོ་འཕགས་སྨི་4600ཡན་དུ་གནས་པས། མདོ་དབུས་མཐོ་སྒང་གི་བྲག་བརྐོས་རིགས་ཀྱི་བྲག་རིས་མང་ཆེ་བ་མཚོ་འཕགས་སྨི་4000ནས་4400བར་དུ་གནས་པའི་ཁྱད་ཆོས་དང་མི་མཐུན། དེ་བས་ད་ཐེངས་གསར་རྙེད་བྱུང་བའི་ཚོན་ལྡན་བྲག་རིས་ཀྱིས་མཚོན་པའི་གནའ་བོའི་མི་ཚོགས་དེས། མདོ་དབུས་མཐོ་སྒང་གི་བསྐལ་པ་ཡ་ཐོག་ལ་ཞིབ་འཇུག་བྱེད་པར་ཐུན་མིན་གྱི་བློ་འབྱེད་ནུས་པ་བཏོན་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1