ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-05



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་པའི་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་གཏོད་པའི་ལས་འགན་གལ་ཆེན་དེ་ནི་དེང་སྐབས་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག“ཟུང་འབྲེལ་གཉིས”དང“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”སོགས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བྱེད་ཐབས་བཏོན་པ་དང་འབྲེལ་རྒྱས་བཤད་ཀྱང་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ང་ཚོས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས།

        ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་སྤྱི་གཞོན་པ(ཡོན་ཀྲང་གཞོན་པ)ལི་ཝུན་ཐང་གིས་གནད་དོན་དེར་འགྲེལ་བཤད་བསྐྱོན་པ་དང་འབྲེལ་ལས་ཀའི་གྲོས་འགོ་ཡང་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འཆད་འགྲེལ་ནན་ཏན་ངང་གསན་པ་མ་ཟད། གྲོས་བསྡུར་ཡང་གནང་བ་རེད།

        ཞི་ཅིན་ཕིང་གིས་འཆད་འགྲེལ་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། རང་རེའི་ཏང་ལ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཆབ་སྲིད་སྟོབས་ཤུགས་གཞན་དག་གིས་འགྲུབ་ཐབས་འབྲལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་སྒྲུབ་ཐུབ་པའི་རྩ་བ་ནི། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་འབྲེལ་དོན་དངོས་གསར་པ་དང་རྒྱུན་ཆད་མེད་པར་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་བ་ལས། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སོགས་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་བྱས་པར་བརྟེན། ཀྲུང་གོར་མར་ཁེ་སི་རིང་ལུགས་ཀྱི་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་འཕེལ་བ་མ་ཟད། ཏང་གིས་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་ཁོང་དུ་ཆུད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་མཐར་གཏུགས་ནས་བརྗོད་ན། མར་ཁེ་སི་རིང་ལུགས་འགྲིག་པ་དང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་འགྲིག་པས་ཡིན། འདི་ནི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཅིག་རེད། ང་ཚོས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟམ་མི་ཆད་པར་བྱེད་ཟབ་ཏུ་བཏང་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དེ་བས་གཡུར་དུ་ཟ་བའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བརྗོད་གཞི་གལ་ཆེན་འདིས། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་གཏན་ནས་འདོར་མི་རུང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་གཏན་ནས་འདོར་མི་རུང་བ་གཏན་འཁེལ་བྱས་ཡོད། བླ་སྲོག་དང་རྩ་བ་བརྟན་པོར་སྲུང་རྒྱུ་ནི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་ངེས་པར་དུ་ནང་དོན་གསར་པ་ཡོད་དགོས་མོད། འོན་ཀྱང་མེས་པོས་བཞག་པ་རྣམས་བསྐྱུར་མི་རུང་། མེས་པོ་བརྗེད་ན་བླ་སྲོག་དང་རྩ་བ་མེད་པར་གྱུར་ནས་མཐར་བླ་སྲོག་དང་རྩ་བ་ཤོར་བའི་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཤོར་སྲིད། ང་ཚོས་ངེས་པར་དུ་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་མར་ཁེ་སི་རིང་ལུགས་ཀྱི་རྩ་བ་འདི་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་དེ་རང་གི་དོན་དངོས་དང་མི་རིགས་དེ་རང་གི་ལོ་རྒྱུས་རིག་གནས་ཀྱི་ས་གཞི་གཤིན་པོར་གཞི་ཚུགས་ཏེ་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་ལེན་མཐའ་འཁྱོངས། མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱས་ནས་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་བང་མཛོད་ཕྱོགས་ཡོངས་ནས་སྔོག་འདོན། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གསོན་ཤུགས་ལྡན་པའི་ཕུལ་བྱུང་གྲུབ་ཆ་འཕེལ་བ་བྱེད་པ་དང་འབྲེལ། དུས་རབས་ཀྱི་ནང་དོན་གསར་པ་སྣོན་པ། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་ཕུན་སུམ་ཚོགས་པའི་བློ་གྲོས་དེ་བས་གཏིང་ཟབ་ཀྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་ཁྲོད་དུ་ཁྱབ་པར་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ཉིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་འབྲེལ་མཐུད་ནུས་ལྡན་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་ལེགས་ཆ་གསར་པར་འགྱུར་བ་བྱས་ནས་བསམ་བློའི་མཐོ་ཚད་ཀྱི་ཡང་རྩེ་གསར་པར་རྒྱུན་ཆད་མེད་པར་འཛེག་དགོས། ང་ཚོས་རིགས་པའི་གཞུང་ལུགས་ཀྱི་མིག་རྒྱང་ཆེ་རུ་གཏོང་བ་དང་། སྒོ་དབྱེ་ཁོག་ཡངས་ལ་བརྟེན་ནས་མིའི་རིགས་སྤྱི་ཚོགས་ཀྱི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་ལ་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་པ། “མིའི་རིགས་ཀྱི་ཤེས་བྱའི་བང་མཛོད”ཁྲོད་ནས་ཕུལ་བྱུང་གི་བསམ་བློ་དང་རིག་གནས་ཐོན་ཁུངས་བསྡུ་ལེན་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཀུན་གྱི་ལེགས་ཆ་བསྡུས་ཤིང་ཁྱད་ཆོས་མངོན་གསལ་དོད་པའི་རིགས་པའི་གཞུང་ལུགས་ཀྱི་རྣམ་པ་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་ངང་ལན་འདེབས་དགོས། དུས་རབས་ནི་བསམ་བློའི་རྩ་བ་དང་ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་ཡིན། དུས་རབས་འབྱེད་པའི་རིགས་པའི་གཞུང་ལུགས་ཚང་མ་ནི་དུས་རབས་ཀྱི་དགོས་མཁོ་སྐོང་བའི་ཐོན་དངོས་ཤིག་རེད། དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱིས་ངེས་པར་དུ་དུས་རབས་ཀྱི་འབོད་སྒྲ་མཚོན་དགོས་པ་ལས། རང་ཉིད་གནས་སའི་དུས་རབས་ཀྱི་ལག་ལེན་དང་ཁ་གཏན་ནས་འབྲལ་མི་རུང་བ་དང་། ངེས་པར་དུ་ལག་ལེན་གྱི་ཉམས་མྱོང་ལ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་ཏེ་དེ་ཉིད་དུས་རབས་ཀྱི་བསམ་བློའི་ཉིང་བཅུད་དུ་འགྱུར་བ་བྱེད་དགོས། ང་ཚོས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ནི་ལག་ལེན་གྱི་རྨང་གཞིའི་ཐོག་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་ཡིན་པ་ལས། སྟོང་གཏམ་ཁོ་ན་མིན་པར། ངེས་པར་དུ་ལག་ལེན་ཁྲོད་དུ་བདེན་དོན་ཤེས་རྟོགས་དང་བདེན་དོན་འཕེལ་རྒྱས་གཏོང་བ་དང་ལག་ལེན་ལ་བརྟེན་ནས་བདེན་དོན་མངོན་འགྱུར་དང་བདེན་དོན་ལ་ཞིབ་དཔྱད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། “སྤྱི་ཡོངས་གཉིས”མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་འབྲེལ་མཉམ་འགུལ་གཏིང་ཟབ་བྱེད་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག མིའི་རིགས་ཀྱི་སྤྱི་ཚོགས་ལ་མཉམ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མང་པོ་འཕྲད་ཡོད་ལ། རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། དེ་བཞིན་ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཁྱབ་ཁོངས་ཁག་ལའང་ཞིབ་འཇུག་བྱ་གཞི་གལ་ཆེན་གསར་པ་རབ་དང་རིམ་པ་འཕྲད་ཡོད། ང་ཚོར་བཏོན་པའི་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་འདྲི་གཞི་གསར་པ་འདི་དག་དེ་སྔ་དང་བསྡུར་ན་དེ་བས་རྙོག་འཛིང་ཆེ་བ་དང་དེ་བས་དཀའ་ཚེགས་ཆེ་བ་ཞིག་ཡོད་པས། ང་ཚོས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ནས་ལན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་བརྟན་པོར་བཙུགས་ཏེ་མིག་རྒྱང་དེ་བས་ཡངས་པའི་སྒོ་ནས་འཛམ་གླིང་ལོ་རྒྱུས་འཕེལ་རྒྱས་ཀྱི་འཕར་རྩ་དང་ཡང་དག་འཕེལ་ཕྱོགས་སྟངས་འཛིན་དང་། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོ་དང་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པ། རེས་སྐོར་གསར་པའི་ཚན་རྩལ་འཕོ་འགྱུར་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་ཆེན་པོ་དང་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་བཅས་ཀྱི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ། འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ལས་དབང་དང་བསྡུར་བ་དང་རང་རེའི་ཏང་གི་ཡུན་རིང་སྲིད་སྐྱོང་ཐད་འཕྲད་པའི་དངོས་ཡོད་ཀྱི་ཚོད་བགམ་ཁྲོད་ཏང་གི་རང་ངོས་གསར་བརྗེའི་འཐབ་ཇུས་བསམ་བློའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་གཏོང་བ། གནད་དོན་དངོས་ཐག་གཅོད་བྱེད་པའི་ཚན་རིག་དང་མཐུན་པའི་འདུ་ཤེས་དང་ནུས་ལྡན་ཐབས་ཇུས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འདོན་པ་བཅས་བྱས་ཏེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་དེ་བས་སྟོབས་ཆེ་དང་དེ་བས་གོ་སྐོན་གྱི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་པར་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅན་དང་ཚན་རིག་གི་རྩ་བའི་རིག་པ་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ནང་གནས་ཀྱི་བླང་བྱ་དང་ཐབས་ལམ་གལ་ཆེན་ཞིག་རེད། མར་ཁེ་སི་རིང་ལུགས་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་དོན་ནི། དེའི་གཏིང་ཟབ་པའི་ཚན་རིག་གི་རྩ་བའི་རིག་པ་ལས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདེན་དོན་རང་བཞིན་མངོན་ཡོད་ལ། འཐུས་སྒོ་ཚང་བའི་མ་ལག་གིས་དེའི་རིགས་པའི་གཞུང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་དཔང་པོ་བྱས་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་དུ་གཏོང་བ་དང་འབྲེལ་རྒྱུན་ཆད་མེད་པར་མ་ལག་ཅན་དང་ཚན་རིག་གི་རྩ་བའི་རིག་པ་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་རེད། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་འདུ་འགོད་ཀྱིས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་རྒྱས་བཤད་མུ་མཐུད་ཟབ་ཏུ་བཏང་ནས། རང་རེའི་ཏང་གིས་བཏོན་པའི་འདུ་ཤེས་གསར་པ་དང་ཆོད་གཏམ་གསར་པའི་ཁྲོད་ཀྱི་མ་དོན་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གཙོ་གནད་ཐོག་ཞིབ་འཇུག་དང་འགྲེལ་བཤད་རྒྱག་པ་དང་ཕན་ཚུན་དབར་གྱི་ནང་གནས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་སློབ་སྦྱོང་དང་ཁོང་དུ་ཆུད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་མང་ཚོགས་ཀྱི་གསར་གཏོད་ཁྲོད་ནས་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བློ་གྲོས་བསྡུ་ལེན་ལ་གཙིགས་ཆེན་བྱེད་དགོས། མར་ཁེ་སི་རིང་ལུགས་ནི་མི་དམངས་ཀྱི་ཆེད་དུ་སྐད་ཆ་ཤོད་པ་དང་དང་མི་དམངས་ཀྱི་ཚབ་བྱེད་པའི་རིགས་པའི་གཞུང་ལུགས་ཤིག་དང་། མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཆེད་གསར་གཏོད་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པའི་ལག་ལེན་ཁྲོད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས། མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་འཛད་མཐའ་མེད་པའི་འབྱུང་རྩ་རེད། ལོ་རྒྱུས་གསར་གཏོད་བྱེད་མཁན་གྱི་མི་དམངས་ནི་དངོས་པོའི་རྒྱུ་ནོར་གསར་གཏོད་བྱེད་མཁན་ཡིན་པ་མ་ཟད། བསམ་པའི་རྒྱུ་ནོར་གསར་གཏོད་བྱེད་མཁན་ཡང་རེད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་ཚང་མ་ནི་ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་རེད། མའོ་ཙེ་ཏུང་གི་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གམ་ཡང་ན་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གང་ཞིག་ཡིན་ཡང་ཚང་མ་ནི་མི་དམངས་ཀྱི་བློ་གྲོས་དང་། མི་དམངས་ཀྱི་འཚོལ་ཞིབ། མི་དམངས་ཀྱི་གསར་གཏོད་བཅས་ལས་བྱུང་བ་ཞིག་རེད། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་བར་ངེས་པར་དུ་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོར་སྐྱོད་དགོས་པ་ལས། རང་སྣང་ཁོ་ནར་བརྟེན་ནས་བྱ་བ་སྒྲུབ་པ་དང་། གནས་ལུགས་སྟོང་རྐྱང་བཤད་ནས་སྡོད་པ། སྟོང་བསམ་ཁོ་ན་བཅངས་ནས་སྡོད་པ་བཅས་གཏན་ནས་བྱེད་མི་རུང་། མི་དམངས་ཀྱི་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་དང་མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་ཉམས་མྱོང་གསར་པ་ཕྱོགས་སྡོམ་བྱ་རྒྱུར་གཙིགས་ཆེན། དཔྱོད་ཤེས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བ། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་གཏོད་པ་བཅས་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་དམངས་དུང་ཕྱུར་མང་པོའི་སེམས་ནང་གཏིང་ཟབ་ཟུག་པར་བྱས་ཤིང་། མང་ཚོགས་དང་འབྲེལ་འདྲིས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་འདོད་བློ་དང་བསྟུན་པ། དམངས་ཀྱི་སེམས་པ་ཐོབ་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ལ་འགྱུར་བར་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1