༄༅།། བྲོ་དང་གླུ་ཡི་སྐོར་བཤད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 07-06


   འདིར་དམངས་ཁྲོད་ཀྱི་བྲོ་དང་གླུ་ཡི་སྐོར་ཁམས་ཆབ་མདོའི་ཕྱོགས་གཞི་བྱས་ཏེ་མདོར་ཙམ་བཤད་ན།   བྲོ་ཡི་གོ་རིམ་དང་ཇི་ལྟར་རྡུང་ཚུལ།   གླུ་ཡི་བྱུང་རིམ་དང་ཇི་ལྟར་ལེན་ཚུལ་སོགས་ཏེ།   སྤྱིར་བྲོ་ཞེས་པའི་གོ་དོན་ལ་མི་འདྲ་བ་གཉིས་བཤད་རྒྱུ་འདུག་པ་ལས།   དང་བོ་ལྟར་ན་བྲོ་ནི་བདེ་སྡུག་གི་ཚོར་བ་སྟེར་ནུས་པའི་དངོས་པོ་ཞིག་སྟེ་མངར་སྐྱུར་གྱི་བྲོ་བ་ལྟར་རོ།   ཁ་ཟས་སོགས་རོ་ཡི་བྲོ་བ་ནི་དབང་བོ་གཅིག་སྟེ་ལྕེ་ཁོ་ནའི་ཡུལ་དུ་གྱུར་ཅིང་།   ཞབས་བྲོ་ནི་བྲོ་བ་རང་གི་སྣ་མ་གཏོགས་པའི་དབང་བོ་ཐམས་ཅད་དང་།  གཟིགས་མོ་མཁན་གྱི་མིག་ཡིད་རྣ་བ་གསུམ་ཀའི་ལོངས་སྤྱོད་དུ་གྱུར་ནས་དགའ་བདེའི་ཚོར་བ་འགོག་མེད་དུ་སྟེར་བར་བྱེད་པས་ན་བྲོ་ཞེས་ཟེར།   གདངས་ཀྱི་ཁྱད་པར་འགའ་ཞིག་སྣ་ལ་གནས་པས་ན་བྲོ་བ་རང་གི་དབང་བོ་ཐམས་ཅད་ལ་བརྟེན་པར་བཤད་པ་ཡང་ཡོད།

   གཉིས་པ་ལྟར་ན་བྲོ་ནི་དྲོ་ཡི་དོན་ཏེ།   ཁ་དྲོ་ཞིང་བཀྲ་ཤིས་པའི་རྟེན་འབྲེལ་ཡོད་པས་ན་དྲོ་ཟེར་ཞིང་།   ཡང་ན་ཞབས་གཉིས་ཀྱིས་ལུས་མ་དྲོ་བར་ས་ལ་རྡུང་བས་ན་དྲོ་རྡུང་བ་ཟེར།   འགའ་ཞིག་གིས་ལྟ་བྲོ་བས་བྲོ།   ཉན་བྲོ་བས་བྲོ།   དགོད་བྲོ་བས་བྲོ་ཡིན་ཟེར།

   བྲོ་ཡི་ཆོ་ག་ཆ་ཚང་ཞིག་བྱེད་པ་ནི་འཇིག་རྟེན་གྱི་ཁྱིམ་གཞི་ཞིག་འཛུགས་པ་དང་ཚུལ་མཐུན་པ་སྟེ།   མཛད་སྒོ་ཆེ་རིགས་དང་བླ་ཆེན་དཔོན་ཆེན་ཁག་ཕེབས་སྐབས་སོགས་སུ་བྲོ་རྡུང་བའི་རིམ་པ་ནི།   དང་བོ་བྲོ་ར་ས་གཡར།   དེ་ནས་བྲོ་ར་སྦ་ཕུབ།   དེ་ནས་བྲོ་ར་གདན་བཏིང་།   དེ་ནས་འཛོམས་བྲོ།   དེ་ནས་བྲོ་མཆོད།   དེ་ནས་ཆོས་བྲོ།   དེ་ནས་བྲོ་ཆེན།   དེ་ནས་བྲོ་གཞུང་།   བྲོ་གཞུང་ལ་སླེབས་ན་བྲོ་ལ་ཁ་ཚར་བཏགས་པ་དང་།   གཞས་མ་བྲོ་འཁྲབ་པ་སོགས་བྱེད།   དེ་ནས་གཟིམ་བྲོ་རྡུང་སྟེ་མཇུག་བསྡུ་བ་ཡིན་ཅིང་།   དེ་ནི་འཇིག་རྟེན་འདིར་ཁྱིམ་གཞི་ཞིག་འཛིན་པ་ལ་དང་བོ་ཡུལ་ལྷ་གཞི་བདག་ལས་ས་བསླངས།   དེ་ནས་མཁར་བརྩིགས།   དེ་ནས་གདན་བཏིང་།   དེ་ནས་མགྲོན་འབོད་དེ་སྒོ་འབྱེད་བྱེད་པ་ནས་འགོ་བཙུགས་ཏེ་བྱ་བ་མང་བོ་ཞིག་བསྟར་ལ་བརྒྱུས་ནས་བྱེད་པ་དང་ཆོས་མཚུངས་པ་ཡིན།

   དེ་ཡང་བྲོ་ར་ས་གཡར་བ་ནི་ཐོག་མའི་བྱ་བ་སྟེ།   ས་ཆ་གང་ཞིག་ལ་བྲོ་རྡུང་བར་ཡུལ་ལྷ་གཞི་བདག་སོགས་ཀྱི་རུ་ང་ཕྲག་དོག་མི་འབྱུང་ཆེད་བྲོ་ར་གཡར་ནས་བྱིན་འབེབས་ཀྱིས་ས་འདུལ་བྱེད་པ་ཞིག་ཡིན།   བྲོ་ར་སྦ་ཕུབ་དང་བྲོ་ར་གདན་བཏིང་གཉིས་ནི་བྲོ་མགྲོན་རྣམས་ཀྱི་བཞུགས་གནས་གྲ་སྒྲིག་ཙམ་ཡིན་ཞིང་།   འཛོམས་བྲོ་ནི་བླ་མ་སངས་རྒྱས་དཔའ་བོ་མཁའ་འགྲོ་ལྷ་ཀླུ་གཞི་བདག་སོགས་བྲོ་མགྲོན་རྣམས་ལ་འཛོམས་བརྡ་ཕུལ་ནས་བྲོ་ལ་གཟིགས་པར་གདན་ཞུས་བྱེད་པ་ཞིག་ཡིན།   བྲོ་མཆོད་ནི་གདན་ལ་བཞུགས་པའི་བྲོ་མགྲོན་རྣམས་ལ་ཐོག་མར་བྲོ་ཡི་མཆོད་པ་འབུལ་བ་ཞིག་སྟེ།   དེ་དག་ནི་བྲོ་ཡི་སྔོན་འགྲོའི་རིམ་པ་རྣམས་ཡིན་ནོ།

   བྲོ་ཡི་དངོས་གཞི་ལ་འཇུག་པའི་ཐོག་མར་རྟེན་འབྲེལ་དང་བྱིན་རླབས་ལ་བསམས་ནས་དང་བོ་ཆོས་བྲོ་རྡུང་ཞིང་། དེ་ནས་བྲོ་ཆེན་ཁག་ནས་རིམ་པར་རྡུང་སྟེ་མཇུག་ཏུ་གཟིམ་བྲོ་རྡུང་བ་ཡིན།   འོན་ཀྱང་རིམ་པ་འདི་ཆབ་མདོའི་མངའ་ཁུངས་སུ་ཁྱབ་ཆེ་ནའང་ཆབ་མདོའི་མངའ་ཁུངས་ཡོངས་ལ་གཅིག་མཚུངས་སུ་ཁྱབ་པ་ནི་མ་ཡིན་ཏེ།   ལུང་བ་འགའ་ཤས་ཀྱིས་དང་བོ་ཆོས་བྲོ་རྡུང་ན་བགེགས་བར་རྣམས་རང་བཞིན་གྱིས་ཞི་ཞིང་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པ་དང་།  མཇུག་ཏུ་འཛོམས་བྲོ་རྡུང་ན་ཡང་ཡང་འཛོམས་པའི་རྟེན་འབྲེལ་ཡོད་པར་འདོད།   ཡང་ལུང་བ་འགའ་ཤས་ཀྱིས་མཇུག་ཏུ་འཛོམས་བྲོ་རྡུང་ན་ཕ་རོལ་བོ་ལ་བྲོ་ངོམ་དང་ཤགས་འདེབས་པར་རྩི་ཞིང་།   མཇུག་ཏུ་ཤིས་བྲོ་ཟེར་བ་བཀྲ་ཤིས་པའི་བྲོ་ཞིག་རྡུང་རྒྱུ་ཡོད་སྐད་ཀྱང་གང་འདྲ་ཡིན་མིན་མ་ཤེས། དེ་ལ་སོགས་པ་ལུང་བ་སོ་སོར་བྲོ་ཡི་གོ་རིམ་ཡང་སོ་སོར་ཡོད་པ་ཡིན།   མཛད་སྒོ་ཆེ་ཁག་གཅིག་ལ་བྲོ་ཡོད་ཚད་རྡུང་མི་ཐུབ་ཀྱང་བྲོ་ཡི་རིམ་པ་དེ་རྣམས་མ་ལུས་པར་དགོས་ཤིང་།  རྒྱས་སྤྲོས་ཆེ་ཚེ་བྲོ་ཆེན་དང་བྲོ་གཞུང་སོགས་ལ་བྲོ་ཡི་ཁ་ཚར་བཏགས་ནས་རྡུང་ན་ཉིན་མཚན་བཅོ་བརྒྱད་ལ་འཁྲབ་ཀྱང་རྫོགས་མཐའ་མེད་སྐད།

  དེ་ཡང་བྲོ་ར་ས་གཡར་དང་བྲོ་ར་སྦ་ཕུབ་བྲོ་ར་གདན་བཏིང་བྲོ་མཆོད་འཛོམས་བྲོ་ཆོས་བྲོ་དང་གཟིམ་བྲོ་སོགས་ནི་བརྗོད་བྱ་དོན་ལ་ལྟོས་ནས་བཏགས་པ་དང་།   བྲོ་ཆེན་དང་བྲོ་གཞུང་གཞས་མ་བྲོ་སོགས་ནི་གདངས་རིང་ཐུང་ལ་ལྟོས་ནས་བཏགས་པ་ཡིན་ནམ་སྙམ།   བྲོ་ཡི་ཁ་ཚར་ནི་གདངས་དབྱངས་འགྱུར་ཁུག་ཅི་འདྲ་ཞིག་ནང་བཅུག་ཀྱང་ཆོག་པ་མ་ཟད།   བསོ་ཡ་ལ།   འོ་འོ་ལ་ཟི།   སོགས་ཚིག་ལྷག་མ་གང་འདྲ་ཞིག་བཏགས་ཀྱང་ཆོག་པས་ན་བྲོ་ཡི་ཁ་ཚར་ཞེས་ཟེར།   བྲོ་པ་ཕན་ཚུན་བྲོ་ཤགས་འདེབས་རེས་ཀྱིས་འཁྲུགས་ཆ་དང་ཛ་དྲག་ཇེ་ཆེར་འགྲོ་བའི་སྐབས་རང་རང་གི་རྣམ་དཔྱོད་ལ་གཞིགས་པའི་བྲོ་ཡི་ཁ་ཚར་འདི་བེད་སྤྱོད་མང་བ་གཏོང་བ་ཡིན།   འགའ་ཞིག་གིས་བཤད་ན།   བྲོ་ཡི་ཁ་ཚར་ནི་ཕོ་གཞོན་མོ་གཞོན་བར་རམ་ལུང་བ་ཕན་ཚུན་ནམ་གང་ལྟར་བྲོ་བ་ཕན་ཚུན་བྲོ་ཤགས་ཚད་སྐབས།   བྲོ་ཆེན་དང་བྲོ་གཞུང་སོགས་ཀྱི་མཐར་སྐབས་བསྟུན་གྱིས་བསྣན་ནས་རྡུང་བའི་བྲོ་ཡི་རིགས་ལ་བྲོ་ཡི་ཁ་ཚར་ཟེར་ཞེས་བཤད།  འགྲེལ་བཤད་དེ་གཉིས་རྣམ་པ་ཀུན་ཏུ་འགལ་བ་ཞིག་མིན་ཀྱང་ཕྱི་མ་འདི་བདེན་ཤས་ཆེ་སྟེ།   དར་རས་སྣམ་འཕྲུག་སོགས་ཀྱི་མཐའ་སྣེ་ལ་དཔྱངས་པའི་རྒྱུ་སྐུད་ལ་འཇིག་རྟེན་ན་ཁ་ཚར་ཞེས་གྲགས་པ་བཞིན་ནོ།

   དེ་ཡང་ཆབ་མདོ་ཡུལ་ལ་མཚོན་ན།   ཡུལ་མི་ཚོས་བྲོ་རྡུང་བྲོ་འཆམ་བྲོ་འཁྲབ་སོགས་གང་བདེར་བརྗོད་སྲོལ་ཡོད་ཀྱང་།   གར་འཁྲབ།   འཆམ་རྒྱག།   གཞས་གཏོང་།   གླུ་ལེན་ཞེས་བརྗོད་པ་ལས་གར་རྡུང་།  འཆམ་འཁྲབ། གཞས་འཆམ།  གླུ་གཏོང་སོགས་ཞེས་བརྗོད་སྲོལ་མེད།   དེ་ནི་འབྲོག་པ་ཚོས་རྟ་རྟོད།   ནོར་བཏགས།   ཁྱི་སྐོར་ཞེས་བརྗོད་པ་ལས་རྟ་སྐོར།   ནོར་རྟོད།   ཁྱི་བཏགས་ཞེས་མི་བརྗོད་པ་ལྟར་བརྗོད་དོན་གཅིག་ཀྱང་བྱ་བའི་ཡུལ་གྱི་རྣམ་དབྱེ་འབྱེད་པའི་དོན་དུ་བྱ་ཚིག་གི་རྣམ་གྲངས་ཐ་དད་པ་སྨྲ་བ་དང་མཚུངས།

   བྲོ་རྡུང་བའི་སྐབས་ཀྱི་ཉམས་འདོན་ལུགས་སམ་བྲོ་འཆམ་སྟངས་ལ་བལྟས་ནས་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་བཏགས་པ་མང་བོ་ཡོད་དེ།   དཔེར་ན།   བྱ་རྒོད་བྲོ་རྡུང་ཞེས་བྱ་རྒོད་ཐང་ལ་འབབ་སྐབས་ཉམས་དང་བཅས་སྐོར་འཆམ་བྱེད་པ་དང་འདྲ་བའི་བྲོ་འཆམ་པ་ལྟ་བུའོ།   དེ་བཞིན་དུ་ཅང་ཤེས་འདུར་འཆམ་དང་།   རྨ་བྱ་ལྡེམ་འཆམ།  མེ་ཏོག་འཐུ་འཆམ།   བུམ་པ་འཛིན་འཆམ།   ཁྱུང་ཆེན་ལྡིང་འཆམ།   སབ་མ་སླས་འཆམ།   མ་མོ་སྟར་འཆམ།   བཞོན་མ་འོ་འཆམ།   རླུང་དམར་འཚུབ་འཆམ། གཡས་སྐོར་དགའ་འཁྱིལ་མ།   གཡོན་སྐོར་གཡུང་དྲུང་མ། ཤྭ་ཕོ་སྒང་འགྲེམ་མ།   མདུད་ནག་དགུ་བཀྲོལ་མ།   ལྕང་མ་རླུང་སྤྱོད་མ།   བྱེ་མ་ཆུ་སིག་མ།   སྒར་སྟོད་དྲེལ་སྦྲེལ་མ།   གོམ་ཤུད(ཤུད་ནི་ཟག་པའི་དོན)མ།   རྡོག་རྐྱང་མ།   རྡོག་རྩེག(ཆ་བཅས་ཀྱི་དོན)མ།  པ་ཊ་གཉིས་རྩེག་མ།   པ་ཊ་སུམ་རྩེག་མ་ཟེར་བ་སོགས་མང་བོ་ཡོད།

   ད་དུང་བྲོ་ཡི་རིགས་ཐམས་ཅད་ལ་ཐུན་མོང་དུ་ཁྱབ་པའི་སྒྲོམ་གཞི་གཅིག་ཡོད་པ་ནི།   བྲོ་ཡི་འགོར་དལ་ཞིང་འགྱིངས་ཆེ་བ།   བར་དུ་ཅུང་མྱུར་ཞིང་བག་ཆགས་པ།  མཇུག་ཏུ་ཆེས་མྱུར་ཞིང་འཁྲུགས་ཆེ་བ་བཅས་ཡིན།   འགའ་ཤས་ཀྱིས་བྲོ་བ་སྐུ་ཚེ་རིང་བའི་རྟེན་འབྲེལ་ཡོད་ཟེར་ནས་མཇུག་གི་ཚིག་རྐང་གཅིག་དལ་ཞིང་གདངས་རིང་ཙམ་འཐེན་སྲོལ་ཡོད།   ཐོག་མར་དལ་བའི་སྐབས་གཙོ་བོ་གདངས་ཀྱི་འགྱུར་ཁུག་གི་ཉམས་འདོན་པ་དང་།   བར་དུ་ཅུང་མྱུར་བའི་སྐབས་གཙོ་བོར་ལུས་ཀྱི་གར་སྟབས་ཀྱི་ཉམས་འདོན་པ་དང་།   མཐར་ཤིན་ཏུ་མགྱོགས་པའི་སྐབས་གཙོ་བོ་རྐང་བའི་བདེ་རྩལ་གྱི་ཉམས་འདོན་པ་ཡིན།

   ཤིན་ཏུ་མགྱོགས་པའི་སྐབས་སུ་སྐྱེ་བ་རྣམས་ཕྱི་ཕྱོགས་སུ་སྐོར་བ་ཆེ་ཙམ་སྐྱོད་པ་དང་བུ་མོ་རྣམས་ནང་ལོགས་ནས་སྐོར་བ་ཆུང་ཙམ་བྱེད་དགོས།   དེའི་རྒྱུ་མཚན་ནི་སྐྱེ་བ་རྣམས་མགྱོགས་པའི་སྐབས་འཕག་མཆོང་ཆེ་ཙམ་བརྒྱབ་ཀྱང་མཛེས་ཉམས་མི་འཆོར་མོད།   བུ་མོ་རྣམས་གོམ་ཞེང་ཆེན་པོ་སྤོ་བ་དང་རྒྱང་རིང་དུ་མཆོང་བ་སོགས་བྱས་ན་མི་མཛེས་སྟབས་ནང་དུ་འཛུལ་ནས་རྡོག་བྲོ་འགྲིགས་ཙམ་ལས་གོམ་ཞེང་ཆེན་པོ་སྤོ་མི་དགོས་པར་སྐོར་ཐག་ཐུང་དུ་གཏོང་བ་ཞིག་ཡིན། གལ་ཏེ་བྲོ་བ་ཕྱོགས་གཉིས་ཀྱི་བར་མང་ཉུང་ཤོར་ཡོད་ན་གང་མང་བ་དེ་ཕྱི་དང་ཉུང་བ་དེ་ནང་དུ་འཛུལ་དགོས།   ཉུང་བ་དེ་ཕྱི་ལ་ཐོན་ན་འཐོར་ཆེ་བས་མཛེས་ཆ་ཤོར་འགྲོ།

   འདིར་ཨ་སྔོན་མཐོན་པོ་ཟེར་བའི་བྲོ་སྣ་མང་བོ་ཞིག་ཡོད་པ་དེ་དག་ལ་ནང་གསེས་ཀྱིས་བྲོ་སྦ་ཨ་སྔོན་མཐོན་པོ་ཆེ་འབྲིང་དང་།   བྲོ་གཞུང་ཨ་སྔོན་མཐོན་པོ་ཆེ་ཆུང་སོགས་ལེ་ཚན་དེའི་མིང་དང་སྦྱར་ནས་འབོད་སྲོལ་ཡོད།   སྤྱིར་ཆབ་མདོའི་བྲོ་ལ་ཨ་སྔོན་མཐོན་པོ་ཟེར་བ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་པར་གྲགས་ཤིང་།   དེ་ཡང་ཤོད་སྲོལ་ཙམ་མིན་པར་དེ་རྣམས་ཚང་མ་རྡུང་ཤེས་པའི་མི་སྣ་དེང་སང་ཡང་ཆབ་མདོར་ཡོད་ཅིང་།   ཆབ་མདོའི་ཁ་དཔེ་ལ་ཡང“སེ་ལ་སྐྱ་སྐྱ་མེད་ཀྱང་བྲོ་ལ་ཨ་སྔོན་མཐོན་པོ”ཟེར་སྲོལ་ཡོད་པ་རེད།  དེའི་གོ་དོན་ལ་དཔེ་ཐོབ་དང་དོན་ཐོབ་གཉིས་ཡོད་པ་ནས།   དཔེ་ཐོབ་ཀྱི་དབང་དུ་བྱས་ན་རང་ནུས་དང་མ་འཚམ་པའི་འུར་ཤོབ་ཤོད་པ་ལ་ཟེར། དོན་ཐོབ་ཀྱི་དབང་དུ་བྱས་ན་ཆབ་མདོའི་མི་རྣམས་ཀྱིས་བྲོ་རྡུང་བའི་དར་སྲོལ་ཆེ་དྲགས་ནས།   ཁ་ལ་རྩམ་པ་ཟ་རྒྱུ་མེད་ཀྱང་བྲོ་ལ་ཨ་སྔོན་མཐོན་པོ་ཟེར་ནས་རྡུང་གིན་ཡོད་པ་དེ་རེད།

   འདིར་གསལ་བཤད་དགོས་པ་ཞིག་ལ།   ཆབ་མདོའི་བྲོ་ཞེས་བརྗོད་པ་ནི་ཆབ་མདོའི་ཡུལ་མི་ཚོས་རྟག་པར་རྡུང་བཞིན་པའི་བྲོ་ལ་ཆབ་མདོའི་བྲོ་ཞེས་བརྗོད་པ་ལས།   ཚིག་གི་བརྗོད་བྱ་ངག་གི་འགྱུར་ཁུག་རྐང་བའི་འགྲོས་དང་ལག་པའི་གར་སྟབས་སོགས་ཚང་མ་ཆབ་མདོ་བ་ཞིག་གིས་བརྩམས་པའི་གོ་དོན་གང་ཡང་ལྡན་མེད།   འོན་ཀྱང་དེ་ལས་གཞན་པ་ཞིག་གིས་བརྩམས་པའི་ཁུངས་སྐྱེལ་གྱི་དཔང་རྟགས་ཀྱང་སུ་ཞིག་ལ་ཡང་ཡོད་མི་སྲིད་སྙམ།   ཆབ་མདོ་བའི་ཁ་རྒྱུན་ལ་བྲོ་དེ་དག་མང་ཆེ་བ་ནི་འཕགས་ཆེན་ཡབ་སྲས་རྣམས་ཀྱིས་བརྩམས་པར་གྲགས་ཤིང་།   ཕྱིས་ཀྱི་བྲོ་འགའ་ཞིག་འཇམ་མགོན་མི་ཕམ་རིན་པོ་ཆེ་དང་།   བྲག་གཡབ་གདོང་ཀོང་སྤྲུལ་ནས་བརྩམས་པའི་བཤད་སྲོལ་ཡང་འདུག   གཅིག་བྱས་ན་བྲོ་སྣ་ཁ་ཤས་ཡུལ་གྲུ་གཞན་ནས་དར་ཁྱབ་བྱུང་བ་ཡིན་སྲིད་ཀྱང་།   བྲོ་དེ་དག་མང་བོ་ཞིག་ཏན་ཏན་འཕགས་ཆེན་ཡབ་སྲས་རྣམས་ཀྱིས་བརྩམས་པར་ལོ་རྒྱུས་ཤུལ་བཞག་གི་ཐོག་ནས་ར་སྤྲོད་བྱེད་ཐུབ།  “གཙང་རིས་གཙང་ལ་ཡོད་པ”ཞེས་པའི་བྲོ་དེ་ནི་འཕགས་པ་ལྷ་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་རྒྱ་མཚོ་མཆོག་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ཏེ།   པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་གྱི་བསླབ་པ་རྫོགས་པའི་དགའ་སྟོན་སྐབས་འཕགས་པ་ལྷ་རང་ཉིད་ནས་ཐོལ་བྱུང་དུ་བརྩམས་གནང་བ་དང་།  “འབའ་ལི་ཐང་འོ་མའི་མཚོ་ཁ་ནས”ཟེར་བའི་བྲོ་དེ་ནི་འཕགས་པ་ལྷ་སྐུ་ཕྲེང་བདུན་པ་ལི་ཐང་དུ་འཁྲུངས་ནས་དེ་ངོས་འཛིན་གྱི་མཛད་སྒོའི་སྐབས་ལྕགས་ར་སྤྲུལ་སྐུས་བརྩམས་པ་རེད་ཟེར་སྲོལ་མཆིས།

   ལྷག་པར་དུ་འཕགས་པ་ལྷ་ནི་བྲོ་དང་གར་འཆམ་སོགས་དམངས་ཁྲོད་སྒྱུ་རྩལ་གྱི་རིགས་ལ་དགའ་བོ་གནང་མཁན་ཞིག་ཡིན་པ་ནི།   ཁོང་གིས་སྲོལ་གཏོད་པའི་གར་སྣ་བརྒྱད་བཅུ་འཁྲབ་པའི་ཆབ་མདོའི་དགུ་ཆེན་ཞེས་གྲགས་པ་དེང་སང་གི་བར་དུ་ལོ་ལྟར་ཕྱོགས་མཐའ་དབུས་མེད་ནས་མི་ཚོགས་གྲོག་ཚང་ལྟར་རྡོལ་ཡོང་སྟེ་ལྟ་བཞིན་པ་འདིས་ཀྱང་ཤེས་ཐུབ།  གར་ཚིག་དེ་དག་གསང་བ་བྱེད་སྲོལ་ཡོད་པས་དོན་གྱི་འདྲ་མ་ཇི་བཞིན་མི་ཤེས་ཀྱང་།   འཕགས་ཆེན་ཡབ་སྲས་རྣམས་ཀྱི་སྐུ་ཕྲེང་གོང་མ་མང་བོ་ཞིག་ཉང་ལོང་ཀོང་གསུམ་དུ་འཁྲུངས་ཤིང་།   ཁོང་རྣམ་པའི་མཛད་འཕྲིན་ཡང་ཉང་ལོང་ཀོང་གསུམ་ནས་འགོ་བཙུགས་ཏེ་རྒྱས་པ་ཞིག་ཡིན་འདུག་པས།  གར་གྱི་གདངས་དང་དབྱངས་ཀྱི་འགྱུར་ཁུག་རྣམས་ཀོང་གཞས་ཀྱི་གདངས་དང་འདྲ་བའམ་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།   ད་དུང་ཁོང་རྣམས་ཀྱི་གམ་དུ་སྒྲུང་མཁན་མང་བོ་ཉར་ནས་རྟག་པར་སྒྲུང་བཤད་དུ་བཅུག་ཅིང་།  འཇམ་མགོན་མི་ཕམ་རིན་པོ་ཆེས་ཀྱང་སྒྲུང་པ་ཐམས་ཅད་ཀྱི་ནང་ནས་འཕགས་ལྷའི་གམ་བཅར་ཆབ་མདོའི་སྒྲུང་བ་རྣམས་ཚད་མར་འཛིན་གྱི་ཡོད་སྐད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1