༄༅།།བོད་ལྗོངས་མཐོང་བ་ཀུན་སྨོན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-10


དྭངས་གསལ་མཐོན་མཐིང་བེེཌུརྱ་ཡི་མདངས་ཀྱིས་འཚེར་བའི་མཁའ་དབྱིངས་སུ།།

འཆར་ཀའི་ཐུན་མཚམས་ཕྱོགས་མཐར་གཏིབ་པའི་དམར་སེར་འོད་ཀྱི་གཞལ་ཡས་ནས།།

ཤེལ་དཀར་གཏོར་བའི་མུ་ཏིག་དོག་པ་སྦྲང་ཆར་ཟིལ་མའི་འདོད་འཇོའི་བ། །

བསིལ་ལྡན་ས་ལིའི་མཐོང་བ་ཀུན་སྨོན་གངས་ལྗོངས་ཉི་གཞོན་མགྲོན་དུ་འགུག། །


གསར་འཚེར་ལེགས་བྲིས་ལྷ་ཡི་འཇིག་རྟེན་གཞལ་མེད་རབ་རྫོགས་གངས་རིའི་ལྗོངས། །

དབྱར་གྱི་མཛེས་སྡུག་རྫོགས་ལྡན་གསར་བའི་རབ་དགའི་དུས་ཀྱི་དཔལ་ཡོན་ཤར། །

དལ་གྱིས་འབབ་པའི་བདུད་རྩི་སྤྲོ་བའི་དངས་གཙང་ཆུ་ཀླུང་འབུམ་ཕྲག་འབྱེད།།

ནམ་མཁའི་རྒྱུ་སྐར་ཐང་མར་བརྡལ་བའི་མེ་ཏོག་ཚོམ་བུའི་ཐགས་སུ་བྲེས། །


དྲི་ཞིམ་སྤང་ལྗང་ས་ལིའི་སྤོས་ཀྱི་རང་བྱུང་བདུག་པའི་སྤྲིན་ཕུང་གཏིབ། །

སྣ་ཚོགས་དགོད་པའི་དགའ་བའི་འཛུམ་ཟེར་ཆུ་སྐྱེད་པདྨའི་དོ་ར་ནས། །

ལང་ཚོའི་བཀྲག་མདངས་སྟག་ཆུང་བུང་བ་སྦྲང་རྩིའི་ཆང་གིས་མྱོས་པའི་གར།།

དབྱངས་ཅན་དགྱེས་པའི་རྒྱུད་མང་ཐིགས་པ་མགྲིན་པར་ཟག་པའི་སྒྲ་སྙན་འབྱིན།།


བདུན་གཅིག་རྒྱལ་སྟོན་དུས་ཀྱི་འཁོར་ལོ་འཁོར་བའི་དགའ་སྟོན་ཕྱོགས་བརྒྱར་སྤེལ།།

བགྲང་བྱའི་ཕྲེང་བ་གཅིག་ཐིག་གཉིས་ཀྱིས་དུས་ཀྱི་རི་རབ་ཐོད་དུ་རྒལ། །

དུས་རབས་གསར་པའི་གསོན་ཤུགས་བརྟས་པའི་ན་གཞོན་ཕོ་མོའི་ཤེས་ཡོན་དཔལ།།

རྣམ་དཔྱོད་རྩལ་གྱིས་ཀྲུང་ཧྭའི་རིག་གནས་གསར་གཏོད་རིག་པའི་སྒོ་བརྒྱ་འབྱེད།།


མཐོ་རླབས་ཕྱུར་བའི་འཕེལ་རྒྱས་གསར་པའི་གོམ་པའི་འདེགས་འགྱོགས་དུས་གཅིག་བསྒྱུར།

ཚན་རྩལ་རིག་པའི་རྣམ་དཔྱོད་རྩལ་གྱིས་སྟོང་ཁམས་ཆེན་པོའི་འཇིག་རྟེན་མྱུལ། །

ནམ་མཁའི་མཐོངས་སུ་རྒྱུ་སྐར་ཕྲེང་བའི་གོ་ལའི་ཆགས་འཇིག་མྱུལ་ཞིབ་ཀྱིས། །

གནམ་དཔྱད་རིག་པས་སྲང་ལ་འདེབས་པའི་ཟླ་བའི་ལྷ་མོའི་ཁྱིམ་དུ་ཞུགས། །


མ་འོངས་བསྐལ་པའི་གོ་ལ་འདི་ནས་ནམ་མཁའི་གོ་ལར་ཉེར་རྒྱུད་དེ། །

མི་རབས་རྗེས་མར་སྐྱེ་བས་ཐོགས་པའི་མི་ཡི་རིགས་ཀྱི་འཚོ་གནས་སུ། །

མཁའ་ལྡིང་ཁྱུང་གི་བཤོག་རྩལ་འཕྲོག་པའི་ལྷའི་གྲུ་བོ་ཆེར་ཞུགས་ནས། །

ནམ་མཁའི་ལྷ་མོའི་གཟུགས་དང་ལང་ཚོ་མི་ཡི་བུ་མོས་སྐྱེངས་བར་བྱ། །


ལྷག་བསམ་འཆར་ཀའི་གངས་ལྷ་མེ་ཏོག་ཟོལ་མེད་དུས་ཀྱིས་བཞད་པ་ཡིས།།

སྐྱེས་སྦྱངས་ཡོན་ཏན་ཁུར་གྱིས་དུད་པའི་བློ་ལྡན་དགའ་བའི་ངག་གིས་དཔལ།།

རིག་པའི་རྣམ་གྲངས་འབུམ་ཕྲག་འཁྱིལ་བའི་དེབ་གཟུགས་པུནྜ་རི་ཀ་འདིས། །

བོད་འབྲེལ་ཡོངས་ཀྱི་སེམས་སུ་སྨན་པའི་སྐྱེས་བཟང་རིག་པའི་སྲི་ཞུ་ལགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1