《སྙན་ངག་རྣམ་བཤད་དབྱངས་ཅན་གཙུག་རྒྱན།》ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-11



སྙན་ངག་པ་ལྷ་རྩེའི་ཁུ་བྱུག་གིས་བརྩམས་པའི《སྙན་ངག་རྣམ་བཤད་དབྱངས་ཅན་གཙུག་རྒྱན།》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས།

        ཉེ་ཆར། བོད་ཀྱི་སྙན་ངག་པ་ལྷ་རྩེའི་ཁུ་བྱུག་གིས་བརྩམས་པའི《སྙན་ངག་རྣམ་བཤད་དབྱངས་ཅན་གཙུག་རྒྱན་ནོར་བུའི་འོད་འཕྲོ་ཞེས་བྱ་བ་བཞུགས་སོ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད།

        རྒྱུས་ལོན་བྱུང་བ་ལྟར་ན། དེབ་འདི་ནི་སྙན་ངག་པ་ལྷ་རྩེའི་ཁུ་བྱུག་གམ་བསོད་ནམས་ཆོས་དབྱིངས་ལགས་ཀྱིས་ལོ་ལྔའི་ཡུན་དུ་དཀའ་ཚེགས་དང་འབད་འབུངས་ཆེན་པོས་གྲུབ་པའི་སྙན་འགྲེལ་གྱི་དེབ་ཅིག་རེད་འདུག་ལ། དེ་ཡང་ལེའུ་ཐོག་མཐའ་གཉིས་བོད་སྐད་དུ་ཁྱད་ཆོས་ཚུལ་བཞིན་དུ་མི་ཐོན་པས་རྩ་བ་བསྐྱུར་ནས་བོད་ཀྱི་སྙན་འགྲེལ་གསར་རྙིང་རྣམས་ལས་མཚན་ཉིད་རང་སོར་བཞག་ཅིང་བོད་མཁས་པའི་དཔེར་བརྗོད་རྩ་བའི་ཚབ་ཏུ་བཀོད་ཡོད་པ་དང་། ལེའུ་བར་པའི་རྩ་བ་བོད་སྔ་ཕྱིའི་ལོ་པཎ་མཁས་པ་རྣམས་ཀྱི་འགྱུར་ཀུན་ལས་ཁྱད་པར་དུ་འཕགས་པ་ཀུན་གཟིགས་སི་ཏུ་པཎ་ཆེན་མཆོག་གི་འགྱུར་གསར་ལྟར་བཞག་ཅིང་། རྩ་བའི་ཚིག་འགྲེལ་མང་ཤོས་བོད་མཁས་པའི་སྙན་འགྲེལ་ལུགས་དང་། དམིགས་བསལ་དཀའ་གནད་སྐབས་སུ་ཁམས་སྤྲུལ་ཆོས་ཀྱི་ཉི་མའི་སྙན་འགྲེལ་གྱིས་རང་ལུགས་ཀྱིས་ཟུར་བརྒྱན་ཡོད། མདོར་ན་སྙན་ངག་པ་ལྷ་རྩེའི་ཁུ་བྱུག་གི་ཡོངས་འཛིན་བཀའ་དྲིན་ཅན་ཤར་དཔལ་སྤུངས་མཁན་རིན་པོ་ཆེ་ཞི་བར་གཤེགས་པ་དིལ་ཆུང་བློ་ཆོས་མཆོག་གིས་བརྩམས་པའི་ལེའུ་དང་པོ་དང་བར་པའི་དཔེར་བརྗོད་ཀྱིས་གཞུང་བསྲངས་བ་དང་། གཞན་སྙན་ངག་མཁས་མཆོག་བོད་མཁས་པ་དང་ཞྭ་དམར་མཁའ་སྤྱོད་དབང་པོ། ཟུར་མཁར་བློ་གྲོས་རྒྱལ་པོ། ཀརྨ་འཕྲིན་ལས་གཉིས་པ། འབྲུག་པ་སངས་རྒྱས་རྡོ་རྗེ། ཞྭ་དམར་དཀོན་མཆོག་ཡན་ལག །ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས། རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། ཀརྨ་ཚེ་དབང་དཔལ་འབར། འབྲི་གུང་རིག་འཛིན་ཆོས་གྲགས་སོགས་ཀྱི་དཔེར་བརྗོད་རང་ལུགས་ཚད་ལྡན་མང་པོས་ཁ་གསབ། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་རྫ་དཔལ་དགེ་སྤྲུལ་སྐུ་སོགས་ཚད་ལྡན་མཁས་པའི་དཔེར་བརྗོད་ཀྱིས་ལེགས་པར་བརྒྱན་ཏེ་གསལ་བར་བྱས་ཤིང་། ད་དུང་འཇུ་མི་ཕམ་གྱི་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་དང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད། བསེ་ཚང་བློ་བཟང་དཔལ་ལྡན་གྱི་ཚངས་སྲས་བཞད་སྒྲའི་སྙན་གཞུང་དང་། ཞེ་ཆེན་རྒྱལ་ཚབ། ཟུར་མཁར་པ་སོགས་སྙན་ངག་དཔེར་བརྗོད་ལས་ལེའུ་ཐོག་མཐའ་བར་གསུམ་གྱི་མཚན་ཉིད་གོ་སླ་བ་དང་ལེགས་བཤད་དག་དྲངས་ཏེ་བློ་གསར་རྣམས་བལྟ་བདེ་རུ་བཀོད་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1