ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་སྤྱོད་བྱ་སྤྱོད་གླེང་སྟེགས་ཀྱི་མཐོ་རིམ་ཚོགས་འདུ་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-13


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་སྤྱོད་བྱ་སྤྱོད་གླེང་སྟེགས་ཀྱི་མཐོ་རིམ་ཚོགས་འདུ་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་དུ་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་དཀའ་ངལ་ཆེ་ཞིང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་རིམ་ཐད་འགྲན་སློང་འཕྲད་ཡོད། མཉམ་ལས་ཀྱི་ངོས་འཛིན་གཅིག་ཏུ་བསྒྲིལ་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད། ངས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་མགྱོགས་སུ་གཏོང་རོགས་བྱ་རྒྱུ་ཡིན། ཕྱོགས་ཁག་མཉམ་དུ་ཞུགས་ཏེ་གོ་ལ་ཧྲིལ་པོ་འཕེལ་རྒྱུས་ཀྱི་གྲོས་འགོའི་མཉམ་ལས་ཐད་སྔ་དུས་ཀྱི་འབྲས་བུ་གལ་ཆེན་ཐོབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་དེའི་ཁྲོད་ནས་ཁེ་ཕན་ཐོབ་པ་མཐོང་བས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས།

        ཞི་ཅིན་ཕིང་གིས་འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་དུས་གཏན་གྱི་བརྗོད་དོན་གཙོ་བོ་ཡིན། འཕེལ་རྒྱས་མཉམ་སྤྱོད་ནི་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་པའི་ཐབས་ལམ་གལ་ཆེན་ཡིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་དེ་མིའི་རིགས་འཕེལ་རྒྱས་ཀྱི་གནས་ཚད་ཁྲོད་ཐོག་མཐའ་བར་གསུམ་དུ་བཞག་ནས་རང་ངོས་ཀྱི་འཕེལ་རྒྱས་ལས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་གཏོད་བཞིན་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་ལ་ཐོན་ཁུངས་བཏོན་ཤུགས་སྔར་བས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་མ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད།

        གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་སྤྱོད་བྱ་སྤྱོད་གླེང་སྟེགས་ཀྱི་མཐོ་རིམ་ཚོགས་འདུ་སྐབས་དང་པོ་ནི་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་གཙོ་གཉེར་བྱས་པ་དང་བརྗོད་དོན་གཙོ་བོ་ནི“ཀྲུང་གོའི་གྲོས་འགོ། གོ་ལའི་བྱ་སྤྱོད”ཅེས་པ་དེ་ཡིན་ལ་ཚེས་10ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1