༄༅། །ཀུན་དགའ་ལྷ་མོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-21



ཀུན་དགའ་ལྷ་མོ།

ངས་ཡ་ཆུང་གཡུ་ལོའི་དྲན་ཤིང་།
དྲན་ཤིང་དམར་རྗེན་མ།
ང་ཡང་བསྐྱར་ཁྱེད་ཀྱི་ཉེ་སར་བཅར་ཡོད།
སེམས་ཀྱིས་ཉན་རོགས།
མིག་ཟུང་གཏད་རོགས།
ཀུན་དགའ་ལྷ་མོ།
ཁུ་སིམ་མེར་གནས་པའི་ཁྱེད་ཀྱི་ཁོར་ཡུག་ན།
གསལ་ལ་མི་གསལ་བའི་རྐང་རྗེས་ཐར་ཐོར།
ཤི་ལ་མ་ཤི་བའི་སྣང་བརྙན་རབ་རིབ།
སུ་ཞིག་གིས་འདོར་མ་ཐུབ་པའི་སེམས་ཀྱི་གསང་བ།
སུ་ཞིག་གིས་བཤད་མ་ཐུབ་པའི་སྙིང་གི་ན་ཟུག
ཀུན་དགའ་ལྷ་མོ།
འུ་གཉིས་ཀྱི་ལྗང་མདོག་གི་བརྩེ་བ།
བརྩེ་བ་ལྗང་མདོག་མ།
མིག་ཟུང་གསོན་པོས་གཏམ་རྒྱུད་འབྲི་ས།
སྙན་ངག་སྟོང་གི་མཆོད་པ་བཤམས་ས།
ང་ཡང་བསྐྱར་ཁྱེད་ཀྱིས་ཉེ་སར་བཅར་ཏེ།
ཕྱིར་མིག་གི་ལག་ཟུང་ཁྱེད་ལ་བསྲིངས།
ཀུན་དགའ་ལྷ་མོ།
འུ་གཉིས་མ་ཐུག་གི་ལོ་དང་ཟླ།
ཟླ་དང་ཞག
སུ་ཞིག་གིས་མཛུབ་རྩེར་བགྲང་པའི་དུས་ཚོད་དང་སྐར་ཆ།
ང་ཡི་སེམས་མ་འགྱུར་བའི་ཁྲག་གི་ཐམ་ག
ཁྱོད་ཀྱི་ཡིད་མ་ཕམ་པའི་རེ་བ་གསོན་པོ།
ཡང་བསྐྱར་འུ་གཉིས་ཀྱི་ལྗང་མདོག་གི་ཞིང་སར་འཁྲུངས་པའི་ལྗང་
མདོག་གི་རྨི་ལམ་དེ།
ཀུན་དགའ་ལྷ་མོ།
བརྒྱ་སྡེས་བཤད་ན་ལས་དབང་ཨ་སྔོན་གནམ་གྱིས་བཀོད།
སྟོང་སྡེས་བཤད་ན་ལས་དབང་དོག་མོ་ས་ཡི་ལག
གང་ལྟར།
རང་གི་སྐད་ཆའང་རང་གིས་བཤད།
སྐད་ཆ་དེ་ད་རུང་གསོན་པོ་ལོས་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1