༄༅། །རྒྱལ་རོང་ཞིབ་འཇུག་ཐོག་གི་ཚོར་སྣང་འགའ་ཞིག་གླེང་བ།

བཙན་ལྷ་ངག་དབང་ཚུལ་ཁྲིམས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-20


                                                                              རྒྱལ་རོང་གི་གླུ་ཤགས་འགྲན་བསྡུར། 

                                                                                 རྒྱལ་རོང་གི་བུད་མེད་ནར་སོན་པའི་ཆོ་ག

         བོད་རོང་ཆེན་བཞིའི་ཡ་གྱལ་རྒྱལ་མོ་ཚ་བ་རོང་གི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་མ་འོངས་པའི་ཕུགས་འདུན་གྱི་མདུན་ལམ་སོགས་ཀྱི་སྐོར་ཞིབ་འཇུག་བརྟག་དཔྱད་ལམ་ཙམ་བྱས་པའི་ཚོར་སྣང་ཅུང་ཙམ་བརྗོད་པར།

         སྤྱིར་བོད་གངས་ཅན་བསིལ་ལྡན་གངས་ཀྱི་ར་བ་དར་དཀར་གྱི་ཡོལ་བས་བྲེས་པའི་མཐོ་སྒང་གི་ཡུལ་ལྗོངས་འདིར་བོད་ཀྱི་མི་རྒྱུད་བྱུང་ཚུལ་དངོས་ནི་སྔོན་གྱི་དེབ་ཐེར་རྣམས་ཞལ་མཐུན་པར་གསུངས་པ་འདི་ལྟ་སྟེ།ལོ་འབུམ་ཕྲག་ཆེས་མང་པོའི་སྔོན་དུས་སུ།ལྷོ་ཁ་ཡར་ལུང་རྩེད་ཐང་གི་བྲག་མགོན་པོ་རི་ཞེས་པའི་བྲག་དང་ནགས་ཚལ་ལ་གནས་པའི་སྤྲེའུ༼འདིར་སྤྲེའུ་ཞེས་པ་སྤྲ་ཆུང་བར་གོ་ཆོག་སྟེ།བོད་ཀྱི་ཐ་སྙད་ལ་རྟ་ཆུང་བར་རྟེའུ་དང་།བ་ཆུང་བར་བེའུ།རྔ་མོང་ཆུང་བར་རྔེའུ།རྡོ་ཆུང་བར་རྡེའུ།མི་གཟུགས་ཆུང་བར་མིའུ་ཞེས་སོགས་བརྗོད་པ་མང་བས་སོ༽དང་།བྲག་སྲིན་མོ༼སྤྲ་མོ༽འདུས་པ་ལས་ཕྲུ་གུ་མང་དུ་འཕེལ་བ་དེ་དག་གིས།ཤིང་ཐོག་དང་རྒོད་སྐྱེས་ཀྱི་འབྲུ་རིགས་ཀྱིས་འཚོ།རིམ་གྱིས་སྨྲ་ཞིང་དོན་གོ་བའི་མིའི་འགྲོ་བར་གྱུར་ཏེ།དེ་དག་ཐོག་མར་བྲག་རི་དང་ནགས་ཁྲོད་ལ་གནས་བཅས་ནས་རི་དྭགས་གསོད་པ་དང་།རྟ་ཕྱུགས་ལོངས་སྤྱོད་བྱེད་པ་སོགས་བྱུང་ནས།མི་ལོ་འབུམ་ཕྲག་མང་པོའི་ཡུན་དུ་གནས་ཏེ།སྟོད་མངའ་རིས།བར་དབུས་གཙང་།སྨད་མདོ་ཁམས་སྟོད་སྨད་རོང་ཆེན་བཞི་དང་བཅས་པའི་ས་ཆེན་པོ་འདི་དག་མིའི་རིགས་ཀྱི་འགྲོ་བ་དེས་ཁྱབ་པར་གྱུར། སྤུར་རྒྱལ་མ་བྱུང་གོང་དུ་མངའ་མཛད་དུ་མ་བྱུང་བ་ནི་བན་བོན་གྱི་ལོ་རྒྱུས་སུ་གསལ།

དཔེར་ན།རྒྱལ་པོ་བཀའི་ཐང་ཡིག་ལས།༼སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༽ཞེས་སོ།།མངའ་མཛད་དེ་དག་གི་ནང་ནས་ཞང་ཞུང་འཁོར་ལོ་དབང་སྒྱུར་གྱི་རྒྱལ་རབས་ཞེས་གྲགས་ཆེ་བ་དེ་བྱུང་ནས།དེས་ཞང་ཞུང་སྒོ་ཕུག་བར་གསུམ་སྟེ་སྟོད་མངའ་རིས་དང་ལ་དྭགས་སོགས་ལ་ཞང་ཞུང་ཕུག་དང་།བར་དབུས་གཙང་གི་ཕྱོགས་ལ་ཞང་ཞུང་བར་དང་།སྨད་མདོ་ཁམས་དང་སུམ་པ་གླང་གི་གྱིམ་ཤོད་རྒྱལ་མོ་རོང་སོགས་ལ་ཞང་ཞུང་སྒོ་ཞེས་གྲགས་པ་དག་ལ་མངའ་དབང་བསྒྱུར་བ་ནི།གངས་རྒྱལ་ཏི་སེའི་དཀར་ཆག་ལས།༼ཐོག་མར་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས།།ཕུག་ཏེ་ཞང་ཞུང་རྒྱལ་གཤེན་བཅོ་བརྒྱད་དེ།།བར་ལ་དབུས་གཙང་ལྷོ་བྱང་ཀུན་ཏུ་ཤེས།།སྒོ་དེ་སུམ་པ་གླང་གི་གྱིམ་ཤོད་དུ།།སྦས་པའི་ཤོད་ཆེན་བཅོ་བརྒྱད་རྒྱལ་མོ་རོང་།།ས་ཀུན་ཞང་ཞུང་མི་རྣམས་ཞང་ཞུང་གྲགས༽ཞེས་བྱུང་ངོ་།། རྗེས་སུ་ཞང་ཞུང་རྒྱལ་རབས་ཉམས་དམས་སུ་གྱུར་བའི་སྐབས་སུ།དབུས་གཙང་ལ་གནས་པའི་མི་རྣམས་ལ་བོད་པ་ཞེས་དང་།བོད་ཀྱི་བྱང་ཕྱོགས་སུ་ཡོད་པའི་འབྲོག་པ་རྣམས་ལ་སྤྱང་པའམ་བྱང་པ།བོད་ཀྱི་ལྷོ་ཕྱོགས་སུ་ཡོད་པའི་ཞིང་པ་རྣམས་ལ་ལྷོ་པའམ་རོང་པ་ཞེས་ཟེར་བ་བྱུང་།སྤྱང་དང་རོང་གི་ཐ་སྙད་འདི་རྒྱ་ནག་པའི་རུས་བརྐོས་ཡི་གེ་དང་།རྒྱའི་ལོ་རྒྱུས་དེབ་ཐེར་དག་ཏུ་ནུབ་སྤྱང་དང་།ནུབ་རོང་ཞེས་བཀོད་དེ་གྲགས་ཆེ་བར་གྱུར།           དེ་ནས་སྤུར་རྒྱལ་གྱི་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་བྱོན་རྗེས་ཡུལ་ལྗོངས་དེའི་མིང་ལ་བོད་ཅེས་གྲགས་ཤིང་།རིམ་གྱིས་ས་དང་མི་སྡེ་མཐའ་དག་རྒྱལ་པོ་དེའི་གདུང་རྒྱུད་ཀྱི་མངའ་འོག་ཏུ་གྱུར།དེ་ལྟར་བོད་དམ་དེ་བོད་ཅེས་པའི་མིང་འདི་མཚོ་བོད་མཐོ་སྒང་གི་ཡུལ་གྱི་སྤྱིའི་མིང་ལ་འཇགས་པའི་ཚེ་ན།ནུབ་སྤྱང་དང་ནུབ་རོང་ཞེས་པའི་ཐ་སྙད་དེ་རིམ་བཞིན་རྣ་ཐོས་ཙམ་དུ་གྱུར་པར་ངེས་སོ།། སྒོས་སུ་རང་ཅག་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ།ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་གྲུ་འདིར་དང་ཐོག་འཚོ་ཞིང་གཞེས་པའི་གདོད་མའི་མི་རྣམས་ཀྱང་བོད་ཀྱི་རུས་ཆེན་བཞི་ལས་གྱེས་པའི་མི་རྒྱུད་ཡིན་པ་ནི།ད་ལྟ་རྒྱལ་རོང་གི་སྐད་ཅེས་བོད་ཡུལ་སྐད་ཁྱད་པར་བ་ཞིག་མཆིས་པ་དེར།བརྟག་དཔྱད་ཞིབ་ཕྲ་ཞིག་བྱས་ན།རྒྱལ་རོང་སྐད་ཀྱི་གཞི་རྩའི་ཐ་སྙད་བརྒྱ་ཆ་བདུན་ཅུ་ཡན་དང་།བརྗོད་པ་ཚིག་གི་གོ་རིམ་དང་།རྣམ་དབྱེ་ཚིག་ཕྲད་སོགས་ཀྱི་སྐོར་ལའང་བོད་སྤྱི་འགྲོས་ཀྱི་སྐད་དང་སྒོ་ཀུན་ནས་མཚུངས་པ་དེས་གྲུབ་བོ།དེར་མ་ཟད1983ལོར་འབར་ཁམས་དང་རྫོང་འགག་བར་གྱི་ལམ་ལས་པ་ཚོས་རུས་སྒྲོམ་ཆེ་ཆུང་གཉིས་རྙེད་པའི་ནང་དུ་གཟིའི་རིགས་རྐང་རིང་བའི་གཟི་མིག་དགུ་ཅན་གཉིས་ཡོད་པ་དང་།རུས་སྒྲོམ་ནང་གི་མིའི་ཤུལ་རུས་ནི་ལོ་ངོ་ལྔ་སྟོང་ཡན་ཆད་སོང་གཤིས།ཆུ་ཆེན་རྫོང་གི་སྤུ་དམ་ས་ཆར་དུར་སྦས་རྡོ་སྒམ་དུ་མ་རྙེད་པའི་རྡོ་ལེབ་ཀྱི་ངོས་ལ་བོན་གྱི་སྙིང་པོ་རྣམ་གསུམ་གྱི་གཟུངས་སྔགས་བརྐོས་ཡོད་པ་དེ་དག་གིས་རྒྱལ་མོ་རོང་གི་གདོད་མའི་མི་རྣམས་བོད་མི་ཡིན་པའི་བདེན་དཔང་བླ་ལྷག་ཏུ་བྱས། དེ་ནས་རྒྱལ་རོང་གི་ཡུལ་གྲུ་འདི་གནའ་དུས་སུ་བོད་ཀྱི་ས་སྣེ་ཡིན་པའི་སྟབས་ཀྱིས་ཞང་ཞུང་གི་རྒྱལ་རབས་སུ་ཆེས་གྲགས་པའི་རྗེ་གུ་ལང་གསེར་གྱི་བྱུ་རུ་ཅན་རྒྱལ་པོ་ཁྲི་ཝེར་ཞེས་པ་དེ་ཉིད་ཀྱིས་རྒྱལ་ཕྲན་བྱ་རུ་བཅོ་བརྒྱད་ཡོད་པའི་ནང་ནས།ལིག་ཝེར་གྱེར་གྱི་རྒྱལ་པོའི་གདུང་རྒྱུད་འོད་ལྡན་མི་དཀར་ཞེས་པ་དེ་ཉིད་ཀྱིས་གཙོས་པའི་ཞང་ཞུང་ལིག་ཝེར་དང་ཏ་རོག་བྱ་རུ་ཅན་གཉིས་ཀྱི་དཔུང་དམག་ཤར་རྒྱལ་མོ་རོང་དུ་བསྐྱོད་དགོས་པར་བཀའ་བསྩལ།དེ་དག་གིས་ཆུ་ཆེན་ཀ་ལིང་ཀར་མི་འགྱུར་བརྟན་བཅུ་འཛོམས་པའི་གཡུ་རྩེ་ཕོ་བྲང་བཞེངས།ལིག་ཝེར་གྱི་དཔུང་དམག་ཕལ་ཆེར་རྒྱལ་པོའི་ཕོ་བྲང་གི་ཉེ་འདབས་སུ་བཞག་པས་ད་ལྟའང་ས་ཆ་དེར་ལིག་ཝེར་ཞེས་འབོད།ཏ་རོག་ནས་ཡོང་བའི་དམག་དཔུང་རྣམས་ག་ས་གར་བཞུགས་པ་དེ་ཚོས་ཡུལ་ཚོ་སོ་སོའི་དཔོན་པོ་བྱེད་མཁན་མང་བས་རྒྱལ་རོང་ཡུལ་སྐད་དུ་ཏ་རོ་ཞེས་པ་དཔོན་པོའི་སྤྱི་མིང་དུ་ཆགས། ཡང་སྐབས་ཤིག་ནས་ཞང་ཞུང་རྒྱལ་པོ་སྟེ་དམ་པ་ཁྱུང་གི་གདུང་རྒྱུད་ཆེ་བ་ཁྱུང་རྒོད་ཐོག་ལ་འབར་དང་།དེ་འོག་ལྷ་ཁྱུང་བརྒྱན་པ།ཆུང་བ་མུ་ཁྱུད་བརྒྱན་པ་དང་གསུམ་ལས།སྒོ་པའི་ལྷ་སྐལ་མུ་ཁྱུང་བརྒྱན་ཉིད་ལ་སྲས་བཞི་བྱུང་བའི་ཐ་ཆུང་ཁྱུང་འཕགས་ཁྲ་བོ་རྒྱལ་མོ་རོང་དུ་བྱོན་ནས།དེའི་རྒྱུད་པ་དབུ་འབོར་ལྷ་སྲས་གཡུང་དྲུང་ཉིད་ལ་སྲས་བཞི་བྱུང་བའི་ཆེ་བ་དབུ་འབོར་ཀུན་སློང་བུ་ཙ་དང་།དེ་འོག་དབུ་འབོར་ཁྲོ་ཙ།དེ་འོག་དབུ་འབོར་དབང་ཙ།ཐ་ཆུང་དབུ་འབོར་དགེ་ཤི་ཙ་བཅས་བཞི་བྱུང་ནས།དེ་རྣམས་ཀྱིས་རྒྱལ་མོ་རོང་དུ་ཀུན་རྫོབ་རྒྱལ་པོའི་བཀའ་ཁྲིམས་དང་།ཡང་དག་བདེན་པའི་བོན་ཁྲིམས་སོགས་ཀྱི་སྲོལ་བཙུགས་ནས་བོན་སྲིད་གཉིས་ཀ་དར་བར་མཛད་ཚུལ་ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་ལས་གསལ་ལོ།།དེ་ལ་བརྟེན་ནས་རྒྱལ་མོ་རོང་པ་རྣམས་ཀྱིས་རང་ཉིད་ལ་ཀུ་རུ་ཟེར།ཀུ་རུ་ཞེས་པ་ནི་ཞང་ཞུང་སྐད་དེ།བོད་སྐད་དུ་འབྱོ་བའམ་གནས་སྤོ་བའི་དོན་ནོ།།དེ་ཡང་བོན་གྱི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་བཀར་ཆག་ལས།༼ཀུ་རུ་ཞེས་པ་འབྱོ་བ་གནས་སྤོར་བའོ༽ཞེས་གསུངས་སོ།། དེ་ལྟར་རྒྱལ་མོ་རོང་དུ་ཁྱུང་གི་རིགས་རྒྱུད་མང་པོ་ཐོན་པའི་རྐྱེན་གྱིས་ཁྱུང་ཞེས་པའི་ཐ་སྙད་དེ་རྒྱལ་རོང་སྐད་དུ་ཡུལ་གྱི་སྐད་དོད་དུ་ཆགས་ཏེ།དཔེར་ན།ངའི་ཡུལ་དང་ཁྱོད་ཀྱི་ཡུལ་ལ་ཞེས་པར།རྒྱལ་རོང་སྐད་དུ་ངའི་ངེད་ཁྱུང་།ནོའི་ནེ་ཁྱུང་ཟེར་བ་ལྟ་བུའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1