རྔ་བའི་རྫ་ཁྲོམ་རིག་གནས་ལྗོངས་སྐོར་དུས་སྟོན་གྱི་མགོ་ཚུགས་བྱེད་སྒོ་གཟབ་རྒྱས་ངང་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 07-20


       

         སི་ཁྲོན་བློ་བདེ་ཚོང་རྟགས་ལས། རྫ་ཁྲོམ་ཆེན་མོའི་གཟི་དཔལ་ངོམས། ཟླ་7ཚེས་18ཉིན། 2023ལོའི་རྔ་བ་རྫོང་རྫ་ཁྲོམ་རིག་གནས་ལྗོངས་སྐོར་དུས་ཆེན་དེ་ཟླ་བདུན་པའི་ལང་ཚོ་དང་འགྲོགས་སྟེ། རྔ་བ་རྫོང་འབྲོག་ཁྱིམ་དང་བོའི་རྩྭ་ཐང་དུ་གཟབ་རྒྱས་ངང་མགོ་ཚུགས། མགོ་ཚུགས་བྱེད་སྒོ་རུ་ནང་དོན་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་ལྡན་པའི་དམངས་སྲོལ་མྱོང་རོལ་བྱེད་ཐུབ་ཅིང་། སྲོལ་རྒྱུན་གྱི་ལུས་རྩལ་འགྲན་བསྡུར་དང་སྒྱུ་རྩལ་རིག་གནས་འཁྲབ་སྟོན། ཚོང་དོན་སྤེལ་རེས་སོགས་བྱེད་སྒོ་སྣ་ཚོགས་སྤེལ། རྫ་ཁྲོམ་རིག་གནས་ལྗོངས་སྐོར་དུས་སྟོན་ཁྲོད་དུ་སྡེ་ཁག་སོ་སོའི་འཐུས་མི་ཚོས་རྟེན་འབྲེལ་གྱི་ཁ་གཡང་དང་གླུ་ཡི་འགྱུར་ཁུགས། གར་གྱི་སྟངས་སྟབས། ཤོམ་འགྱང་སོགས་རིག་གནས་འཁྲབ་སྟོན་དང་གླུ་གཞས་འགྲེམས་སྟོན་བྱས། དེའི་ཁྲོད་ཀྱི་མཛོ་གཡག་རུ་ཁག་དང་རྟ་མཆོག་རུ་ཁག་གིས་རྔ་བའི་བོད་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་མངོན་པར་བྱས།

     གཉན་པོ་གཡུ་རྩེ་དང་མཎྜལ་ཐང་། གསེར་མཛོད། རྨ་ཆུའི་ཆུ་མགོའི་ཟམ་པ་དང་པོ། པད་མ་བོད་རིགས་མཁར་རྫོང་སོགས་རྔ་བ་རྫོང་དང་རྨ་ཆུ་རྫོང་། གཅིག་སྒྲིག་རྫོང་སོགས་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་ནས་ཡོང་བའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མགོ་ཚུགས་བྱེད་སྒོའི་ཐོག་ཁྱོན་ཡོངས་ནས་འོས་སྦྱོར་བྱས་ཏེ་རྒྱ་ཆེའི་ལྗོངས་སྐོར་བར་དམིགས་བསལ་ཁྱད་ལྡན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ངོ་སྤྲོད་བྱས། ཐེངས་དེའི་བྱེད་སྒོའི་ཁྲོད་དུ་རྔ་བ་རྫོང་གིས་གཞས་པ་གཞས་མ་གྲགས་ཅན་བཀྲ་ཤིས་ཉི་མ་དང་ཚེ་དབང་ལྷ་མོ། བསམ་ཁོ་སོགས་གདན་འདྲེན་ཞུས་ཡོད་ལ། ཤེར་བསྟན་གྱིས་ས་གནས་དེ་གའི་སློབ་མ་120ཡི་སྣེ་ཁྲིད་ནས་སྲོལ་རྒྱུན་གྱི་གླུ་གཞས་བླངས་ནས་ཡུལ་དངོས་ལྟད་མོ་བ་རྣམས་ལ་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས། མགོ་ཚུགས་བྱེད་སྒོའི་ཁྲོད་དུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ལྗོངས་སྐོར་ལྟད་མོ་བར་ཁྲི་ལྷག་རྫ་ཁྲོམ་རིག་གནས་ལྗོངས་སྐོར་ལ་མྱོང་རོལ་བྱེད་དུ་ཡོང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫ་ཁྲོམ་དུས་སྟོན་ནི་རྔ་བ་རྫོང་བོད་རིགས་མི་དམངས་ལ་དམིགས་བསལ་དུ་ཡོད་པའི་དུས་ཆེན་ཞིག་ཡིན་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་ནས་དམངས་ཁྲོད་ཚོང་དོན་དུས་སྟོན་དུ་གྱུར་བ་ཡིན། རྔ་བ་རྫོང་ནི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་ལྟེ་བའི་ཁུལ་དུ་གནས་པ་དང་། སི་ཁྲོན་ནུབ་བྱང་གི་འགྲིམ་འགྲུལ་ས་ཚིགས་གལ་ཆེན་ཡིན་པའི་དམིགས་བསལ་གྱི་ས་བབ་ལེགས་ཆ་ཡོད་པའི་དབང་གིས། རྔ་བ་རྫོང་གི་ཚོང་དོན་གོ་སྐབས་ཆེན་པོ་རིམ་བཞིན་མངོན་ཏེ། ཕྱོགས་བཞིའི་ཚོང་བ་རྣམས་རྔ་བ་རྫོང་དུ་ཚོང་དོན་བྱེད་སྒོ་སྤེལ་བར་ཡོང་བར་ཡིད་དབང་བཀུག་པ་མ་ཟད། རྫ་ཁྲོམ་དུས་སྟོན་ནི་ཚོང་བ་མང་པོ་འཛོམས་ཤིང་ཚོང་དོན་དར་རྒྱས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་དངོས་རྫས་ཉོ་ཚོང་དུས་སྟོན་ཞིག་ཏུ་གྱུར་ནས་རིག་གནས་དང་དཔལ་འབྱོར་གྱི་སྟེགས་བུ་བསྐྲུན་པའི་གཞི་རྟེན་གལ་ཆེན་ཞིག་ཡིན།

    2023ལོར་རྔ་བ་རྫོང་རྫ་ཁྲོམ་རིག་གནས་ལྗོངས་སྐོར་དུས་སྟོན་དེ་ཟླ་7ཚེས་18ནས་ཚེས་20ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། བྱེད་སྒོར་ཚོང་དོན་འདུ་ཚོགས་གཟབ་རྒྱས་དང་སྐོར་བྲོ་འགྲན་བསྡུར། ཞིམ་ཟས་མྱོང་ཚོར། སྤོ་ལོ་གདན་ཞུའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཡོད་པས་རྔ་བ་རྫོང་གི་གཏིང་ཟབ་པའི་ཨ་མདོའི་དམངས་སྲོལ་རིག་གནས་དང་མཛེས་སྡུག་ལྡན་པའི་ལྗོངས་སྐོར་ཐོན་ཁུངས་ཁྱོན་ཡོངས་ནས་མངོན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1