༄༅།།ལོ་ངོ་ཁྲིའི་སྔོན་གྱི་བྲག་རིས་གསར་རྙེད།

སྤྲེལ་ཉི་མ་རྒྱལ་མཚན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དྲ་བ་ལས་དྲངས། སྤེལ་དུས། 07-31


རྐང་ཚའི་ཆུ་འདལ་མའི་ལག་རྗེས་ཕབ་པའི་བྲག་རིས་དེ་གླིང་གེ་སར་དང་འབྲེལ་བ་མེད།

ནང་དོན་མདོར་བསྡུས།


       འདིའི་ནང་དུ་ལོ་ངོ་ཁྲིའི་སྔོན་གྱི་རྐང་ཚའི་ཆུ་འདལ་མའི་བྲག་རིས་གསར་རྙེད་དང་དཔྱད་བསྡུར་བརྒྱུད་ནས་དེའི་ལོ་རྒྱུས་དང་ཞིབ་འཇུག་གི་རིན་ཐང་སོགས་བྲིས་ཡོད་པ་མ་ཟད་གླིང་གེ་སར་དང་འབྲེལ་བ་ཡོད་མེད་དཔྱད་ཡོད་ཅིང་།གཞན་བོད་ཁུལ་གཙོས་ཚོན་བྲིས་བྲག་རིས་སྐོར་གྱི་ཤེས་བྱ་དང་ལོ་ཚིགས་སོགས་ལ་འགྲེལ་བརྗོད་བྱས་ཡོད། 

བརྡ་ཆད་གཙོ་བོ། བྲག་རིས། རྡོ་ཆས་དུས་རབས།   ལག་རྗེས།  བྲག་བརྐོས་རི་མོའམ་བྲག་རིས་ཀྱི་གོ་དོན།

    བྲག་རིས་སམ་བྲག་བརྐོས་རི་མོ་ནི་བྲག་སྐྱིབས་དང་བྲག་རྡོ། བྲག་ཁུང་བཅས་སུ་ཡ་ཐོག་གི་མིའི་རིགས་ཀྱིས་རང་གི་འཚོ་བ་དང་དད་མོས་སོགས་མཚོན་པའི་རི་མོ་སྣ་ཚོགས་རྡོ་ཚོན་གྱིས་བྲིས་པ་དང་ཐིག་བརྐོས། འབུར་བརྐོས་སོགས་བྱས་པའི་སྤྱི་མིང་ཡིན། འདི་ལ་ད་ལྟ་བོད་སྐད་དུ་བྲག་བརྐོས་རི་མོ་ཞེས་འབྲི་བཞིན་ཡོད་ནའང་སྤྱིར་བྲག་རིས་ཞེས་བྲིས་ན་འགྲིག་སྙམ་སྟེ། འདིའི་ཁྱབ་ཁོངས་སུ་བྲག་ལ་བརྐོས་པ་དང་ཚོན་སོགས་ཀྱིས་བྲིས་པ་གཉིས་སུ་ཡོད་ཕྱིར་བྲག་རིས་ཞེས་བརྗོད་ན་ཁྱབ་ཆེ་བར་འདུག    མིའི་རིགས་ཀྱི་བྲག་རིས་སྒྱུ་རྩལ་སྔ་ཤོས་དེ་རྡོ་ཆས་དུས་རབས་རྙིང་པར་གཏུག་ཆོག་ལ། ཤིན་ཏུ་གནའ་ཤོས་ཀྱི་བྲག་རིས་ད་ལྟའི་བར་ལོ་ངོ་ཁྲི་བཞི་ནས་ལྔ་བར་འགོར་ཡོད་ཅིང་།  འཛམ་གླིང་གི་རྒྱལ་ཁབ་བདུན་ཅུ་ལྷག་ཙམ་ནས་བྲག་རིས་རྙེད་ཡོད། འདི་ནི་མིའི་རིགས་ཀྱིས་ཡི་གེ་གསར་གཏོད་མ་གནང་གོང་གི་བརྩམས་ཆོས་ཡིན་ལ། བྲག་རིས་ནི་གདོད་མའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ལག་ལེན་དང་། བསམ་བློ། ཆོས་ལུགས་དད་མོས། མཛེས་དཔྱོད་ལྟ་བ་སོགས་མཚོན་པའི་བརྩམས་ཆོས་ཡིན། 


      ཡི་གེ་མ་བྱུང་གོང་གི་དུས་སྐབས་ཀྱི་ལོ་རྒྱུས་རྒྱུ་ཆ་གལ་ཆེན་ཡིན་པས་ད་ལྟ་ཆེད་དམིགས་


ཀྱི་ཞིབ་འཇུག་རིག་ཚན་ཞིག་ལ་ངོས་བཟུང་ཡོད་ལ། བྲག་རིས་རིག་གནས་རིམ་བཞིན་ཉམ་རྐྱེན་ཡང་མིའི་རིགས་ཀྱིས་ཡི་གེ་གསར་གཏོད་བྱས་པའི་རྐྱེན་གྱིས་ཡིན་པར་བཤད། མདོ་དབུས་མཐོ་སྒང་གཙོ་བའི་བོད་ཁུལ་གྱི་བྲག་རིས་ཀྱང་ཁྱབ་ཁོངས་དང་ནང་དོན་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པོ་ཡོད་ཅིང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་མངའ་རིས་རུ་ཐོག་རྫོང་ནས་རྟོག་ཞིབ་བྱེད་འགོ་བརྩམས་ཤིང་དེང་སྐབས་བོད་ལྗོངས་གཅིག་པོ་རུ་བྲག་རིས་ཡོད་སའི་གནས་དྲུག་ཅུ་ལྷག་གསར་དུ་རྙེད། བོད་ཡུལ་གྱི་བྲག་རིས་ལ་ནང་གསེས་སུ་བྱུགས་བྲིས་དང་བྲག་བརྐོས་གཉིས་སུ་དབྱེ་ཆོག་ལ་དེ་ལས་བྱུགས་བྲིས་ལའང་ཐིག་རིས་ཀྱི་རྣམ་པ་དང་ཚོན་སྙོམ་པར་བྱུགས་པའི་རྣམ་པ་གཉིས་སུ་མཆིས། ཚོན་གྱི་རྒྱུ་ཆ་ནི་གཅན་གཟན་དང་རི་དྭགས་ཀྱི་རུས་པ་བཙོས་པའི་ཞག་ཁུ་དང་ཁྲག་གི་ནང་དུ་གཏེར་རྡོ་དམར་པོ་བརྡར་བའི་བྱེ་མ་བསྡེབས་ནས་བཟོས་པས་དུས་ཡུན་རིང་པོ་འདག་མི་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཕྱིར་ད་ལྟའི་བར་མི་རྣམས་ཀྱིས་མཐོང་ཐུབ་པའི་སྐལ་བ་ལྡན་ནོ།།

ཆུ་འདལ་མའི་བྲག་རིས་གང་དུ་གནས་ཀྱང་ཅི་འདྲ་ཡིན་ཟེར་ན།   

གནས་འདི་ནི་རྐང་ཚའི་མཁར་གྲོང་ནས་ཀ་ཞའོ་གཞུང་ལམ་དེད་དེ་བྱང་ཕྱོགས་སུ་སྤྱི་ལེ་སུམ་ཅུ་བཞུད་ན་འཕན་པོ་སྡེ་བ་དང་རྐང་ཚའི་ལུག་རྒྱུད་ར་བའི་རྩྭ་སའི་མཚམས་ཀྱི་སའི་གོ་ལའི་གཞུང་ཐིག་ཚད་་དང་། འཕྲེད་ཐིག་ཚད་ཡི་ཆུ་འདལ་མ་ཞེས་པའི་གནས་སུ་ཡོད། རྐང་ཚའི་ཨ་མྱེས་བ་ཡྰན་གྱི་ཤར་ཕྱོགས་སུ་ཁེལ་ཞིང་མཚོ་ངོས་ལས་མཐོ་ཚད་རྨིད་༣༦༣༠ཙམ་ཡིན།   ས་གཤིས་ནི་ན་སྒང་དང་འཛེར་རྡོའམ་སྲེ་རྡོ་མང་སའི་གནས་ཡིན་ཞིང་བྲག་ཁུང་ཕ་བོང་མང་པོའི་ཁྲོད་ན་བྱང་ཤར་དུ་གཏད་ཡོད་ལ་ནང་གི་བྲག་རིས་ཡོད་པའི་བྲག་སྐྱིབས་ཁ་ལྷོ་ཕྱོགས་སུ་འཁོར་ནས་ཡོད་ཅིང་། མཐོ་ཚད་ལ་རྨིད་གསུམ་དང་འཕྲེད་ལ་རྨིད་བཅུ་ཡོད།  བྲག་སྐྱིབས་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་དགུ་དང་བྲག་རིས་ཀྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་གཉིས་ཙམ་མཆིས། བྲག་ངོས་སུ་  གསལ་བོ་ཡིན་པའི་རི་མོ་ཉེར་གཉིས་ཡོད་ཅིང་དེའི་ཁྲོད་ཆེ་ཆུང་མི་འདྲ་བའི་ལག་པའི་རྗེས་ཤུལ་ཕབ་པའི་རི་མོ་བཅུ་གཉིས་(གཡས་ལག་བདུན་དང་གཡོན་ལག་ལྔ་)དང་མདའ་མགོ་འདྲ་བའི་རི་མོ་དགུ་བྲིས་ཡོད། ད་དུང་གསལ་བོ་མིན་པའི་རི་མོ་འདུག་ཀྱང་ངོས་འཛིན་དཀའ་བས་ཞིབ་པར་བཀོད་མེད། ལག་རྗེས་ཕབ་པའི་རི་མོ་ནི་ལག་པ་བྲག་ངོས་ལ་བཞག་རྗེས་ཚོན་དམར་ཁ་ནས་གཏོར་བའམ་དངོས་པོ་གང་རུང་གིས་ཚོན་བྱུགས་ཏེ་ཐིག་རིས་ཀྱི་རྣམ་པས་ཕབ་པ་དང་། མདའ་མགོ་འདྲ་བའི་རི་མོ་ནི་ཚོན་སྙོམ་པར་བྱུགས་པའི་རྣམ་པ་སྤྱད་ནས་བྲིས་པ་ཡིན།




 འདི་ལ་༼ཆུ་འདལ་མ༽་དང་༼ཆུ་འདམ་མ༽།༼ཆིན་ཏ་མ༽་ཞེས་འབྲི་ཚུལ་གསུམ་མཆིས་ཀྱང་དེ་ལས་ཆིན་ཏ་མ་ཞེས་པ་དེ་གོང་གི་མིང་དེ་གཉིས་ཀྱི་སྒྲ་རྒྱ་སྐད་ཀྱིས་ཐོན་པ་ཡིན།  དེ་ན་ཆུ་འདལ་མ་དང་ཆུ་འདམ་མ་གཉིས་ནི་བོད་སྐད་ཅིག་ཡིན་ནམ་ཞེ་ན་དེ་ནི་བོད་སྐད་ཤ་སྟག་ཅིག་ཡིན།  རང་ཉིད་ནས་ཀྱང་སྒྲ་འདི་ཐོག་མར་ཐོས་དུས་སོག་སྐད་ཅིག་ཡིན་ནམ་སྙམ། དེའི་ཕྱིར་མིང་འདི་མར་ཡར་བཅོ་བརྒྱད་ལ་རྩར་བཅད་མཐར་རྐང་ཚའི་ས་གནས་ལོ་རྒྱུས་ཆེད་སྒྲིག་ཁོང་མི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ལགས་བྲག་དཀར་ཚང་ལ་བཀའ་འདྲི་ཞེས་པ་བརྒྱུད་ནས་གཤམ་གྱི་འགྲེལ་སྟངས་འདི་རང་གི་ལུགས་སུ་བཟུང་བ་ཡིན། ཁོང་གི་འགྲེལ་བཤད་ལྟར་ན་ཆུ་འདལ་མ་ཞེས་པ་ནི་ཆུ་བོ་ལུང་གཞོང་དེར་བཀྲམ་ནས་ཡོད་པའི་དོན་ཡིན་པར་གསུངས་ལ་དཔེར་ན་སྣག་ཚ་སོགས་ཤོག་བུའི་སྟེང་ལ་འདལ་ལྟ་བུ།  ཆུ་འདམ་མ་ནི་འདམ་རྫབ་ཆེ་བའི་ཆུ་བོ་ཞེས་པའི་དོན་ལ་གོ་དགོས་ཤིང་ཡུལ་དེར་དངོས་སུ་བཅར་ནས་སའི་ཆགས་དབྱིབས་ལ་ཞིབ་མོར་བལྟས་ཚེ་ཆུ་འདལ་མ་དང་ཆུ་འདམ་མ་གཉིས་ལ་འགྲེལ་ཆགས་པོ་འདུག་གོ། ཆུ་འདལ་མའི་བྲག་རིས་འདི་ལ་དམིགས་བསལ་གྱིས་དོ་སྣང་བྱ་འོས།   ༼བོད་ཀྱི་བྲག་རིས་སྒྱུ་རྩལ་༽ཅེས་པའི་དཔེ་དེབ་ནང་དུ་ལྷག་པར་དུ་དོ་སྣང་བྱ་འོས་པ་ཞིག་ནི་བོད་ཀྱི་བྲག་བརྐོས་རི་མོར་རྡོ་ཚོན་དམར་པོ་སོགས་ཀྱིས་བྱུགས་བྲིས་ཀྱིས་རི་མོ་བསྐྲུན་ཐབས་དེ་རིགས་བྱང་ཕྱོགས་ཀྱི་བྲག་བརྐོས་རི་མོའི་ནང་ཤིན་ཏུ་མཐོང་བཀོན་པ་ཡིན་ཞེས་བཤད་ཡོད་པ་མ་ཟད་ད་དུང་ཉིང་ཁྲི་མེ་ཏོག་རྫོང་ཁུལ་གྱི་བྲག་རིས་རི་མོའི་ནང་གསལ་བའི་༼ལག་རྗེས་༽ཀྱི་རི་མོ་ལྟ་བུ་བོད་ཀྱི་ས་ཁུལ་གཞན་གྱི་བྲག་རིས་ནང་ནས་རྙེད་མེད་ཅེས་བྲིས་ཡོད་ཅིང་།   བོད་ལ་མཚོན་ན་རྡོ་ཆས་དུས་རབས་དང་སྤྱི་ལོ་སྔོན་གྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཉིན་མོའི་སྐར་མ་ནང་བཞིན་ཡིན་པས་འདི་ལྟ་བུའི་རྡོ་རིང་གསོན་པོ་གཏམ་རྒྱུད་ཙམ་ནས་གཟིམ་སོང་བ་ཡིན་ན་ང་ཚོས་མི་རིགས་དང་ལོ་རྒྱུས་ལ་འགན་མ་ཁུར་བ་རེད། བྲག་རིས་འདིའི་རིགས་བོད་ཡུལ་དུ་མཐོང་དཀོན་པའི་བྲག་རིས་ཤིག་ཡིན་ལ་མ་མཐའ་ཡང་ལོ་ངོ་ཁྲི་གཅིག་གི་གོང་དུ་ངོས་བཟུང་ན་ཆོག་པར་སྙམ་སྟེ།  རིགས་གཅིག་མཁས་དབང་རྣམས་པས་ཐྰན་བཅུ་བཞི་ཚོད་ལེན་(ལོ་ངོ་འབྱེད་པའི་དཔྱད་ཆས། བཀོད་ནས་ལོ་ངོ་ཁྲིའི་ཡར་སྔོན་དུ་ཐག་བཅད་པའི་འཛམ་གླིང་ཤར་ནུབ་གང་སར་རྙེད་པའི་ལག་རྗེས་བྲག་རིས་དང་བཤིབས་ཏེ་བསྡུར་ན་ཆུ་འདལ་མའི་བྲག་རིས་ནི་རི་མོའི་བཟོ་ལྟ་དང་ཚོན་མདངས།ས་ཁམས་གནས་ཚུལ་སོགས་གང་ཅིའི་ཐད་ལོ་ངོ་ཁྲི་ཡི་སྔོན་གྱི་ལག་རྗེས་བྲག་རིས་དེ་དག་དང་ཤིན་ཏུ་འདྲ་བས་དེ་ལྟར་ལབ་ཕོད་པ་ཡིན།  ༢༠༡༧ལོར་ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་འཕྲིན་ལམ་གྱིས་༼མཚོ་སྔོན་པོའི་གསང་བ་འཚོལ་བ་༽ཞེས་པའི་ལེ་ཚན་གྱི་གསར་འགོད་པ་ཆུ་འདལ་མའི་བྲག་རིས་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། དབེན་པའི་གནས་འདིའི་བྲག་ཕུག་ཅིག་གི་ནང་དུ་ཤིན་ཏུ་ལྐོག་གྱུར་གྱི་ལག་པའི་རྗེས་ཤུལ་འགའ་མཆིས་ལ། དེ་དག་གི་ལོགས་སུ་མདའ་མགོ་དང་འདྲ་བའི་ངོ་མཚར་ཅན་གྱི་མཚོན་རྟགས་ཡོད་ཅིང་། ལག་རྗེས་འདི་དག་ལོ་རབས་གང་གི་ཡིན་མིན་དང་མཚོན་དོན་ཅི་ཡིན་པ། འདི་དག་ཇི་ལྟར་ཕབ་པ་སོགས་ད་ལྟའི་བར་ཐག་མ་བཅད་པར་གསང་བའི་ཚུལ་དུ་ལུས་ཡོད། ཡ་མཚན་པ་ཞིག་ལ་ཆེད་མཁས་པས་ཞིབ་འཇུག་ལས་ཤེས་པ་ལྟར་ན་ལག་རྗེས་འདི་དག་ནི་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་བྲག་ཕུག་ལས་རྙེད་པའི་ལག་རྗེས་དང་ཧ་ལམ་གཅིག་འདྲ་ཡིན། ཡུན་ནན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་གནའ་བོའི་མཚེའུ་ཞིབ་འཇུག་ཆེད་མཁས་པ་ཀྲང་ཧོ་ཚེ་ཡིས་ཧྥ་རན་སའི་ལྷོ་ཕྱོགས་ཀྱི་ལག་རྗེས་ལ་རྟོག་འཇལ་བྱས་པའི་དུས་ཚོད་ནི་ད་ལྟའི་བར་ལོ་ཁྲི་གསུམ་དང་སྟོང་བདུན་ཡས་མས་འགོར་ཡོད་ཅིང་། གལ་ཏེ་མཚོ་སྔོན་པོའི་ལག་རྗེས་དང་ཧྥ་རན་སིའི་ལག་རྗེས་གཉིས་གཤིབ་བསྡུར་བྱེད་ཆོག་ཅེས་བཤད་ན་ལོ་སུམ་ཁྲི་བདུན་སྟོང་སྔོན་ལ་ས་གནས་གཉིས་ཀྱི་མིས་སྐད་ཆ་དང་གནས་ཚུལ་གང་ཅིའི་ཐད་ཕན་ཚུན་འབྲེལ་བ་བྱེད་ཐབས་གཏན་ནས་མེད་ལ། འོན་ཀྱང་ཁོང་ཚོ་ཚང་མས་བྱ་བ་གཅིག་བསྒྲུབས་ཡོད་པས་ཁོ་བོས་བསམ་ན་འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་གསང་བ་ཆེན་པོ་ཞིག་རེད་ཅེས་བཤད། ཤེས་གསལ་ལྟར་ན་ས་གཤིས་ཆེད་མཁས་པས་ལག་རྗེས་སྟེང་ཆགས་ཡོད་པའི་རྡོ་ཐལ་རྫས་ཀྱི་གྲུབ་ཆ་བླངས་ནས་ཐྰན་བཅུ་བཞི་ཚོད་ལེན་བརྒྱུད་དེ་ལོ་ངོ་ག་ཚོད་འགོར་ཡོད་པ་གསལ་འབྱེད་བྱས་ནས་ཆུ་འདལ་མའི་ལག་རྗེས་བྲག་རིས་ཀྱི་གསང་བ་རིམ་གྱིས་འབྱེད་རྒྱུ་ཡིན་འདུག་ཅེས་གསར་འགོད་པས་ཡུལ་དངོས་སུ་གནས་འཕྲིན་སྤེལ་ཡོད





          ཧྥ་རིན་སི་ལྷོ་ཕྱོགས་ཀྱི་༼ཞེ་ཝེ་ལག་རྗེས་བྲག་རིས།༽ 


ཀྲུང་གོ་རུ་རྙེད་པའི་ལག་རྗེས་བྲག་རིས་སྔ་ཤོས་ནི་༡༩༨༤ལོའི་ནང་སོག་ཡ་པུའུ་ལེ་རི་བོར་རྙེད་པའི་ལག་རྗེས་བྲག་རིས་དང་སྤྱི་ལོ་༢༠༠༩ལོར་ནང་སོག་ཐོ་ནེ་ཀོ་ལི་བྲག་ཕུག་ཏུ་རྙེད་པའི་ལག་རྗེས་བྲག་རིས་གཉིས་ཡིན་ལ་དེ་ལས་ཕྱི་མ་ལ་ཆེད་མཁས་པས་ལོ་ངོ་ཁྲི་གཅིག་དང་བཞི་སྟོང་ནས་ཁྲི་གསུམ་གི་ལོ་རྒྱུས་ལྡན་ཞེས་འགྲེལ་བརྗོད་གནང་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུར་རྙེད་པའི་ཨ་ཀེན་ཐིན་པ་ཐ་ཀུ་ཉི་ཡ་བྲག་ཁུང་གི་ལག་རྗེས་བྲག་རིས་ནི་ད་ལྟའི་བར་ལོ་ངོ་དགུ་སྟོང་སུམ་བརྒྱ་འགོར་ཡོད་པར་བཤད་འདུག  

ལག་རྗེས་བྲག་རིས་འདི་དག་གི་མཚོན་དོན་སྐོར། 

ཆུ་འདལ་མའི་བྲག་རིས་ཀྱི་རི་མོ་མང་ཤོས་ནི་ཆེ་ཆུང་མི་འདྲ་བའི་ལག་པའི་རྗེས་ཤུལ་ཡིན་པ་མ་ཟད་གོང་གི་སི་པེན་ཡ་དང་ཧྥ་རིན་སི་ནས་རྙེད་པའི་ལག་རྗེས་དང་གཅིག་འདྲ་ཡིན།  བྲག་རིས་ཁྲོད་ཀྱི་ལག་པའི་རྗེས་ཤུལ་དམར་བོ་འདི་དག་ལ་འཛམ་གླིང་གི་ཆེད་མཁས་པར་འགྲེལ་ཚུལ་མི་འདྲ་བ་བཅུ་ལྷག་འདུག་ཀྱང་དེ་ལས་འགའ་ཤས་ཀྱིས་འདྲེ་གདོན་སོགས་འགོག་པའི་ཕྱག་རྒྱར་འགྲེལ་ཡོད། སྐོར་ཞིག་གིས་གནའ་མིས་གནས་དེར་བདག་གིར་བཟུང་བའི་མཚོན་དོན་ཡིན་ཟེར། ཡང་གཞན་ཞིག་གིས་ལག་པའི་རྗེས་ཤུལ་ཕབ་ནས་ལྷ་ལ་བསྟོད་གླུ་འབུལ་བ་མཚོན་ཟེར།འགྲེལ་ཚུལ་གཞན་ཞིག་ཏུ་འདས་མཆོད་སྒྲུབ་སྟངས་ཤིག་ཡིན་ཟེར།ཨོ་སི་ཁྲུ་ལི་ཡའི་མཁས་པ་འགའ་ཤས་ཀྱིས་མི་སྣ་གང་རུང་ཞིག་གནས་དེར་ཐོན་པའི་འབྱོར་ཐོ་ལྟ་བུ་ཡིན་ཟེར་ལ་དཔེར་ན་ལག་རྗེས་ཀྱི་ལོགས་སུ་སྲོག་ཆགས་གཞན་གྱི་འདྲ་རིས་བྲིས་ཡོད་པ་ནི་དེ་དག་བདག་གིར་བཟུང་ཡོད་པ་མཚོན་ཞེས་བཤད་ཡོད། འདི་དག་འབའ་ཞིག་འོལ་ཚོད་ཙམ་དུ་སྣང་ཡང་དད་མོས་དང་འདས་མཆོད་སྒྲུབ་སྟངས་ལ་འབྲེལ་བ་ཡོད་ཟེར་བའི་ཕྱོགས་ལ་དཔྱད་རིན་འདུག་སྙམ་སྟེ་གནའ་མིས་ཉི་མ་དང་མེ། ཁྲག་བཅས་ནི་དད་མོས་བྱེད་ས་གཙོ་བོ་ཡིན། 

སོར་མོ་མི་ཚང་བའི་ལག་རྗེས་བྲག་རིས།

གཞན་ད་དུང་མི་རྣམས་ཀྱིས་འདང་མི་དཔོག་པ་ཞིག་ནི་ལག་རྗེས་བྲག་རིས་ཁྲོད་དུ་སོར་མོ་ཆད་ཡོད་པའི་སྣང་ཚུལ་བྲིས་ཡོད། ཧྥ་རན་སིའི་མཚོ་ཞབས་ཀྱི་ཁུ་སི་ཁེ་བྲག་ཕུག་དང་སི་པན་ཡའི་ཅ་ཅ་སི་དང་ཏིས་པེ་ལ་སོགས་སུ་སོར་མོ་ཆད་ཡོད་པའི་བྲག་རིས་མཐོང་རྒྱུ་འདུག ཕོ་མོ་རྒན་གཞོན་གྱི་ལག་པའི་རྗེས་ཤུལ་ཉིས་བརྒྱའི་ནང་མང་ཆེ་བར་སོར་མོ་གཅིག་གམ་གཉིས།  ཡང་ན་གསུམ་སོགས་མེད་པ་མངོན། མཁས་པ་འགའ་ཤས་ཀྱིས་དེ་ནི་ནད་ཡམས་ཀྱི་རྐྱེན་ཡིན་པར་འདོད་དེ། འཚོ་བཅུད་དཀོན་པ་དང་ཡུན་རིང་གྲང་ངར་ཆེ་ཞིང་བརླན་བཤེར་ལྡན་པ་སོགས་སུ་འཚོ་བ་རོལ་ཕྱིར་རྩ་སྦུབས་ཀྱི་ནད་ཡམས་ཤིག་བྱུང་ནས་སོར་མོ་ཆད་པར་ངོས་འཛིན་གྱིན་ཡོད།  འོན་ཀྱང་ཀྲུང་གོའི་ཤིན་ཅང་ཁུ་ལོ་ཁིའི་བྲག་རིས་སུའང་སོར་མོ་ཆད་པའི་ལག་རྗེས་མཐོང་རྒྱུ་མཆིས། མཁས་པ་ལ་ལས་དེ་ནི་སོར་མོ་གཞན་པ་བསྐུམ་ཡོད་པའི་ལག་བརྡ་ཞིག་ཡིན་པར་འདོད་ཅིང་མཚོན་རྟགས་ལ་ངོས་འཛིན་བྱས་ཡོད། ཡིན་ཡང་ཡོ་རོབ་ཀྱི་རྡོ་ཆས་དུས་རབས་རྙིང་པའི་བྲག་རིས་ཁྲོད་མཛུབ་ཆུང་གི་ཚིགས་གོང་མ་གཉིས་མེད་ཅིང་ཐད་ཀར་མཚོན་གྱིས་བཅད་པ་མངོན་གསལ་དོད་པོ་ཡིན་པས་ཆེད་མཁས་དག་གིས་ཆོ་ག་གང་རུང་ལ་དགོས་པའི་བློས་བཏང་བྱ་སྤྱོད་ཅིག་ལ་འགྲེལ་འདུག མི་རིགས་རིག་པའི་རྒྱུ་ཆ་ཁ་ཤས་ན་ཅི་ནེ་ཡ་གསར་བའི་མཐོ་སྒང་དུ་གནས་པའི་ཚོ་བ་ཞིག་གིས་ཁྱིམ་ཚང་གི་མི་འདས་སོང་ན་ཁྱིམ་དེའི་བུད་མེད་ཀྱིས་སོར་མོ་གཅིག་བཅད་ནས་མྱ་ངན་བྱེད་དགོས།སྣང་ཚུལ་འདི་འཛམ་གླིང་ཡུལ་གྲུ་གང་སར་མཐོང་རྒྱུ་ཡོད་ཕྱིར་གནམ་གཤིས་དང་ཁོར་ཡུག་རྐྱེན་གྱིས་བཟོས་པའི་ནད་ཡམས་རྐྱང་རྐྱང་ཙམ་གྱིས་འགྲེལ་རྒྱག་རྒྱུ་དཀའ་བར་སྣང་། དེ་ལས་དད་མོས་དང་མཚོན་རྟགས་ཤིག་རེད་ཅེས་ལབ་ན་གནས་ལུགས་དེ་ཙམ་འདུག་སྙམ་ལ། འདི་དག་ཞིབ་ཏུ་དཔྱད་ན་མ་གཏོགས་འཕྲལ་དུ་ཐག་གཅོད་གནང་རྒྱུ་ཁག་པོ་ཡིན་ནོ།།



ཧྥ་རན་སིའི་མཚོ་ཞབས་ཀྱི་༼ཁུ་སི་ཁེའི་མཛུབ་མོ་མི་ཚང་བའི་བྲག་རིས།༽

ཆུ་འདལ་མའི་ཕྱག་རྗེས་བྲག་རིས་གླིང་གེ་སར་དང་འབྲེལ་བ་མེད།

ཀྲུང་གོ་རུ་རྙེད་པའི་ལག་རྗེས་བྲག་རིས་སྔ་ཤོས་ནི་༡༩༨༤ལོའི་ནང་སོག་ཡ་པུའུ་ལེ་རི་བོར་རྙེད་པའི་ལག་རྗེས་བྲག་རིས་དང་སྤྱི་ལོ་༢༠༠༩ལོར་ནང་སོག་ཐོ་ནེ་ཀོ་ལི་བྲག་ཕུག་ཏུ་རྙེད་པའི་ལག་རྗེས་བྲག་རིས་གཉིས་ཡིན་ལ་དེ་ལས་ཕྱི་མ་ལ་ཆེད་མཁས་པས་ལོ་ངོ་ཁྲི་གཅིག་དང་བཞི་སྟོང་ནས་ཁྲི་གསུམ་གི་ལོ་རྒྱུས་ལྡན་ཞེས་འགྲེལ་བརྗོད་གནང་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུར་རྙེད་པའི་ཨ་ཀེན་ཐིན་པ་ཐ་ཀུ་ཉི་ཡ་བྲག་ཁུང་གི་ལག་རྗེས་བྲག་རིས་ནི་ད་ལྟའི་བར་ལོ་ངོ་དགུ་སྟོང་སུམ་བརྒྱ་འགོར་ཡོད་པར་བཤད་འདུག  

ལག་རྗེས་བྲག་རིས་འདི་དག་གི་མཚོན་དོན་སྐོར། 

ཆུ་འདལ་མའི་བྲག་རིས་ཀྱི་རི་མོ་མང་ཤོས་ནི་ཆེ་ཆུང་མི་འདྲ་བའི་ལག་པའི་རྗེས་ཤུལ་ཡིན་པ་མ་ཟད་གོང་གི་སི་པེན་ཡ་དང་ཧྥ་རིན་སི་ནས་རྙེད་པའི་ལག་རྗེས་དང་གཅིག་འདྲ་ཡིན།  བྲག་རིས་ཁྲོད་ཀྱི་ལག་པའི་རྗེས་ཤུལ་དམར་བོ་འདི་དག་ལ་འཛམ་གླིང་གི་ཆེད་མཁས་པར་འགྲེལ་ཚུལ་མི་འདྲ་བ་བཅུ་ལྷག་འདུག་ཀྱང་དེ་ལས་འགའ་ཤས་ཀྱིས་འདྲེ་གདོན་སོགས་འགོག་པའི་ཕྱག་རྒྱར་འགྲེལ་ཡོད། སྐོར་ཞིག་གིས་གནའ་མིས་གནས་དེར་བདག་གིར་བཟུང་བའི་མཚོན་དོན་ཡིན་ཟེར། ཡང་གཞན་ཞིག་གིས་ལག་པའི་རྗེས་ཤུལ་ཕབ་ནས་ལྷ་ལ་བསྟོད་གླུ་འབུལ་བ་མཚོན་ཟེར།འགྲེལ་ཚུལ་གཞན་ཞིག་ཏུ་འདས་མཆོད་སྒྲུབ་སྟངས་ཤིག་ཡིན་ཟེར།  ཨོ་སི་ཁྲུ་ལི་ཡའི་མཁས་པ་འགའ་ཤས་ཀྱིས་མི་སྣ་གང་རུང་ཞིག་གནས་དེར་ཐོན་པའི་འབྱོར་ཐོ་ལྟ་བུ་ཡིན་ཟེར་ལ་དཔེར་ན་ལག་རྗེས་ཀྱི་ལོགས་སུ་སྲོག་ཆགས་གཞན་གྱི་འདྲ་རིས་བྲིས་ཡོད་པ་ནི་དེ་དག་བདག་གིར་བཟུང་ཡོད་པ་མཚོན་ཞེས་བཤད་ཡོད། འདི་དག་འབའ་ཞིག་འོལ་ཚོད་ཙམ་དུ་སྣང་ཡང་དད་མོས་དང་འདས་མཆོད་སྒྲུབ་སྟངས་ལ་འབྲེལ་བ་ཡོད་ཟེར་བའི་ཕྱོགས་ལ་དཔྱད་རིན་འདུག་སྙམ་སྟེ་གནའ་མིས་ཉི་མ་དང་མེ། ཁྲག་བཅས་ནི་དད་མོས་བྱེད་ས་གཙོ་བོ་ཡིན། 

སོར་མོ་མི་ཚང་བའི་ལག་རྗེས་བྲག་རིས།

གཞན་ད་དུང་མི་རྣམས་ཀྱིས་འདང་མི་དཔོག་པ་ཞིག་ནི་ལག་རྗེས་བྲག་རིས་ཁྲོད་དུ་སོར་མོ་ཆད་ཡོད་པའི་སྣང་ཚུལ་བྲིས་ཡོད། ཧྥ་རན་སིའི་མཚོ་ཞབས་ཀྱི་ཁུ་སི་ཁེ་བྲག་ཕུག་དང་སི་པན་ཡའི་ཅ་ཅ་སི་དང་ཏིས་པེ་ལ་སོགས་སུ་སོར་མོ་ཆད་ཡོད་པའི་བྲག་རིས་མཐོང་རྒྱུ་འདུག ཕོ་མོ་རྒན་གཞོན་གྱི་ལག་པའི་རྗེས་ཤུལ་ཉིས་བརྒྱའི་ནང་མང་ཆེ་བར་སོར་མོ་གཅིག་གམ་གཉིས།  ཡང་ན་གསུམ་སོགས་མེད་པ་མངོན། མཁས་པ་འགའ་ཤས་ཀྱིས་དེ་ནི་ནད་ཡམས་ཀྱི་རྐྱེན་ཡིན་པར་འདོད་དེ། འཚོ་བཅུད་དཀོན་པ་དང་ཡུན་རིང་གྲང་ངར་ཆེ་ཞིང་བརླན་བཤེར་ལྡན་པ་སོགས་སུ་འཚོ་བ་རོལ་ཕྱིར་རྩ་སྦུབས་ཀྱི་ནད་ཡམས་ཤིག་བྱུང་ནས་སོར་མོ་ཆད་པར་ངོས་འཛིན་གྱིན་ཡོད།  འོན་ཀྱང་ཀྲུང་གོའི་ཤིན་ཅང་ཁུ་ལོ་ཁིའི་བྲག་རིས་སུའང་སོར་མོ་ཆད་པའི་ལག་རྗེས་མཐོང་རྒྱུ་མཆིས། མཁས་པ་ལ་ལས་དེ་ནི་སོར་མོ་གཞན་པ་བསྐུམ་ཡོད་པའི་ལག་བརྡ་ཞིག་ཡིན་པར་འདོད་ཅིང་མཚོན་རྟགས་ལ་ངོས་འཛིན་བྱས་ཡོད། ཡིན་ཡང་ཡོ་རོབ་ཀྱི་རྡོ་ཆས་དུས་རབས་རྙིང་པའི་བྲག་རིས་ཁྲོད་མཛུབ་ཆུང་གི་ཚིགས་གོང་མ་གཉིས་མེད་ཅིང་ཐད་ཀར་མཚོན་གྱིས་བཅད་པ་མངོན་གསལ་དོད་པོ་ཡིན་པས་ཆེད་མཁས་དག་གིས་ཆོ་ག་གང་རུང་ལ་དགོས་པའི་བློས་བཏང་བྱ་སྤྱོད་ཅིག་ལ་འགྲེལ་འདུག མི་རིགས་རིག་པའི་རྒྱུ་ཆ་ཁ་ཤས་ན་ཅི་ནེ་ཡ་གསར་བའི་མཐོ་སྒང་དུ་གནས་པའི་ཚོ་བ་ཞིག་གིས་ཁྱིམ་ཚང་གི་མི་འདས་སོང་ན་ཁྱིམ་དེའི་བུད་མེད་ཀྱིས་སོར་མོ་གཅིག་བཅད་ནས་མྱ་ངན་བྱེད་དགོས། སྣང་ཚུལ་འདི་འཛམ་གླིང་ཡུལ་གྲུ་གང་སར་མཐོང་རྒྱུ་ཡོད་ཕྱིར་གནམ་གཤིས་དང་ཁོར་ཡུག་རྐྱེན་གྱིས་བཟོས་པའི་ནད་ཡམས་རྐྱང་རྐྱང་ཙམ་གྱིས་འགྲེལ་རྒྱག་རྒྱུ་དཀའ་བར་སྣང་། དེ་ལས་དད་མོས་དང་མཚོན་རྟགས་ཤིག་རེད་ཅེས་ལབ་ན་གནས་ལུགས་དེ་ཙམ་འདུག་སྙམ་ལ། འདི་དག་ཞིབ་ཏུ་དཔྱད་ན་མ་གཏོགས་འཕྲལ་དུ་ཐག་གཅོད་གནང་རྒྱུ་ཁག་པོ་ཡིན་ནོ།།

ཧྥ་རན་སིའི་མཚོ་ཞབས་ཀྱི་༼ཁུ་སི་ཁེའི་མཛུབ་མོ་མི་ཚང་བའི་བྲག་རིས།༽

ཆུ་འདལ་མའི་ཕྱག་རྗེས་བྲག་རིས་གླིང་གེ་སར་དང་འབྲེལ་བ་མེད།

ད་ལོའི་དབྱར་ཁ་འདིའི་སྐོར་རྩར་གཅོད་བྱེད་སྐབས་གྲོགས་པོ་ཞིག་གིས་ཁ་བྱང་ལ་༼རྐང་ཚར་མཐོང་བའི་མཚར་རྡོ་དང་གླིང་གེ་སར་གྱི་གཏམ་རྒྱུད་༽ཅེས་པའི་དྲ་རྩོམ་ཞིག་སྐུར་ཡོང་འདུག ཞིབ་ཏུ་ཀློག་ཚེ་ཆུ་འདལ་མའི་ལག་རྗེས་དེ་གླེང་གིན་འདུག་པ་མ་ཟད་ཡུལ་དེའི་འབྲོག་པ་ཞིག་གི་ངག་རྒྱུན་ལས་དེ་ནི་གླིང་གེ་སར་ཆུང་དུས་ཀྱི་ཕྱག་རྗེས་ཡིན་ཚུལ་དང་རྡོ་ཕ་བོང་དེ་དག་ཀྱང་གླིང་གི་དཔའ་རྟུལ་ཡིན་ཚུལ་འགྲེལ་རྒྱབ་འདུག  བོད་འདི་གནའ་ནས་བཟུང་རྡོ་ཆག་བཙན་སྒྲིག་གིས་ལོ་རྒྱུས་དོན་དངོས་གཏམ་རྒྱུད་ལ་བསྒྱུར་རྒྱུ་དགའ་བོ་ཡོད་ཕྱིར་གོང་གི་ལག་རྗེས་དེའང་ཁ་བདེ་སུ་ཞིག་གི་ལྕེ་ལ་འཁྲུངས་སོང་བ་ཡིན་འདུག འདི་ནི་རྐང་ཚ་ཙམ་མིན་པར་བོད་བྱིངས་ལ་ཡོད་པའི་གནད་དོན་ཞིག་ཡིན་པས་ད་ལྟ་བོད་རང་གིས་བརྩམས་པའི་ལོ་རྒྱུས་དག་འཛམ་གླིང་གིས་ཡོངས་ཁྱབ་ཏུ་ཁས་མི་ལེན་པའི་རྩ་བའང་འདི་ལ་ཐུག་ཡོད། མི་རིགས་གཞན་གྱིས་རང་གི་ལོ་རྒྱུས་ཡར་ལ་གཏོད་ཅི་ཐུབ་བྱེད་དུས་བོད་ཀྱིས་མར་ལ་ཕབ་པ་འདི་ཅི་འདྲའི་བགོད་བྲོ་བ་ཞིག་རེད། གླིང་གེ་སར་གྱི་གཏམ་རྒྱུད་བོད་ཀྱི་ཡུལ་གྲུ་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་ཀྱང་ཁྱད་མཚར་བ་ཡོད་ཚད་གླིང་གེ་སར་དང་འབྲེལ་བ་མེད་ན་ལེགས། བྲག་རིས་འདི་ལ་དུས་ཚོད་དང་ཁོར་ཡུག གྲུབ་ཚུལ་སོགས་གང་གི་ཆ་ནས་བལྟས་ན་གླིང་གེ་སར་དང་འབྲེལ་བ་མེད་པའི་དོགས་གཞི་འགའ་མཆིས་ཏེ།  གཅིག  གླིང་གེ་སར་དུས་རབས་བཅུ་གཅིག་པའི་མི་ཡིན་ལ་ད་ལྟའི་བར་དུ་མི་ལོ་དགུ་བརྒྱ་ཙམ་ལས་སོང་མེད་ཅིང་འཁྲུངས་ཡུལ་ཡང་རྫ་ཆུའི་རྒྱུད་ཀྱི་ས་སྐྱིད་སོས་ཡག་ཁ་མདོ་སྟེ་ད་ལྟའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་ཡུལ་ཚོའི་ས་ཆ་ལ་ངོས་འཛིན་ཡོད་པ་ལས་མཚོ་སྔོན་པོའི་མཐའ་རུ་འཁྲུངས་རབས་མེད། གཉིས།   གླིང་གེ་སར་ཕྱོགས་བཞིའི་དགྲ་བཞིར་འདུལ་དུ་སོང་བ་ལས་རྐང་ཚའི་ཡུལ་ནས་རྡོ་ཕ་བོང་འགའ་བསྲུངས་ནས་བཞུགས་རབས་མེད་པ་འདྲ། གསུམ།  ཕྱག་རྗེས་བྲག་རིས་འདི་དང་ཤིན་ཏུ་འདྲ་བ་ལེ་བར་ཁྲི་ཕྲག་གི་ཕ་རོལ་གྱི་མེ་གླིང་དང་ཡོ་རོབ་རྒྱལ་ཁབ་ཁག་ཏུའང་མཐོང་རྒྱུ་ཡོད་པས་དེའང་གླིང་གེ་སར་གྱི་ཕྱག་རྗེས་ཡིན་ནམ། བཞི། འདི་རུ་ཡོད་པའི་ལག་པའི་རྗེས་ཤུལ་ནི་མི་སྣ་མང་པོ་ཞིག་གི་ལག་རིས་ཡིན་པ་ལས་མི་གཅིག་གི་ལག་རིས་མིན། ཆུ་འདལ་མའི་བྲག་རིས་འདི་ལྟ་བུ་ང་ཚོ་བོད་ཙམ་དུ་མ་ཟད་ཐ་ན་མིའི་རིགས་ཀྱི་ལོ་རྒྱུས་ལའང་འབྲེལ་བའི་དོན་ཆེན་ཡིན་པས་སྤྱིར་བཏང་ང་ཚོས་མཐོང་ཆེན་དང་སྲུང་སྐྱོབ་བྱ་འོས། བོད་ས་གཞན་དག་ནའང་འདི་ལྟ་བུའི་ལོ་རྒྱུས་ཀྱི་རྡོ་རིང་གསོན་པོ་ཡོད་སྲིད་པས་མི་རིགས་གཞན་གྱི་རྣམ་དཔྱོད་དང་སྤོབས་པ་ལྟར་སྔོག་འདོན་དང་ཞིབ་འཇུག་གནང་ན་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ངེས། ང་ཚོ་བོད་པ་སུ་ཞིག་ཡིན་ཡང་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་དང་བློ་གཟུ་བོའི་ངང་གནས་ལུགས་དང་བདེན་གཏམ་བརྗོད་རྒྱུ་ནི་མ་མཐའི་འོས་འགན་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1