གསེར་འབྲི་མ་འཚོ་སྐྱོང་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 07-31





ཧུང་ཡོན་རྫོང་གིས་གསེར་འབྲི་མ་འཚོ་སྐྱོང་བྱས་ཏེ་འབྲོག་པའི་ཡོང་འབབ་འཕར་སྣོན་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།

        ཉེ་ཆར། ཧུང་ཡོན་རྫོང་ཨ་མོས་ཡུལ་ཚོས་ལས་སྒྲུབ་མི་སྣ་ཡུལ་ཚོའི་ཕྱུགས་ལས་སུ་སོང་ནས་གསེར་འབྲི་མ་འཚོ་སྐྱོང་བྱེད་པའི་སྐོར་ཁག་བཞི་བའི་ནོར་གནག་ཚུར་བསྡུ་བྱས་ཤིང་སྐོར་ཁག་ལྔ་བར་ནོར་གནག་ཕར་སྤྲོད་པའི་ལས་དོན་སྒྲུབ། སྐོར་ཁག་ལྔ་བའི་ཁྲོད་གསེར་འབྲི་མ་འཚོ་སྐྱོང་གི་ཆ་རྐྱེན་འཛོམས་པའི་དུད་ཚང་17ཡོད་ལ། དེ་ཚོར་ཁྱོན་བསྡོམས་གསེར་འབྲི་མ་200ལྷག་སྤྲད་ཡོད་པ་དང་། དུས་ཡུན་ལོ་གསུམ་གྱི་རིང་ལ་འཚོ་སྐྱོང་བྱ་རྒྱུའི་གྲོས་མཐུན་བཞག་ཡོད། 

    2015ལོ་ནས་བཟུང་ཨ་མོས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་ཚོའི་གནས་ཚུལ་ལ་གཞིགས་ནས་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་བྱས་ཡོད་པ་དང་། དེ་ནི་སྲིད་གཞུང་གིས་ཐོན་ལས་རོགས་སྐྱོར་མ་དངུལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐད་ལ་བཏང་སྟེ། གཅིག་གྱུར་སྒོས་རྨེ་རྒྱུད་འབྲི་མོ་ཉོ་སྒྲུབ་བྱས་ནས་ཡུལ་ཚོའི་ནང་གི་ལས་ལ་བརྩོན་ཞིང་ཡིད་རྟོན་ཡོད་པ། ད་དུང་ཕྱུགས་འཚོ་བའི་ཆ་རྐྱེན་བཅས་འཛོམས་པའི་དུད་ཚང་ལ་འབྲི་མོ་བགོས་ནས། དུད་ཚང་དེ་ཚོས་ལོ་གསུམ་གྱི་རིང་ལ་རང་རང་གི་རྩྭ་ས་བེད་སྤྱོད་བྱས་ནས་འབྲི་མོ་འཚོ་སྐྱོང་བྱས་རྗེས་དུས་བཅད་ལྟར་ནོར་གནག་སྔོན་གྱི་ཁ་གྲངས་ལྟར་ཕྱིར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཁང་ལ་སྤྲོད་དགོས་པ་དང་། དེར་ཡོད་པའི་འཕེལ་ཐོག་དང་གཞན་པའི་ཡོང་སྒོ་ཚང་མ་ནི་དུད་ཚང་དེ་ལ་དབང་བའི་འཚོ་སྐྱོང་བྱེད་སྟངས་ཀྱི་རྣམ་པ་གསར་བ་ཞིག་བསྐྲུན།

        རྒྱུས་ལོན་པ་ལྟར་ན། ཨ་མོས་ཡུལ་ཚོའི་སྐོར་ཁག་བཞི་བའི་གསེར་འབྲི་མ་འཚོ་སྐྱོང་བྱེད་རིང་བསྡོམས་པའི་འཕེལ་ཐོག་78ཙམ་བྱུང་ཡོད་པར་མ་ཟད། ད་དུང་མར་ཆུར་སོགས་ཕྱུགས་ལས་ཐོན་རྫས་བསྣན་ཚེ་སྐོར་ཁག་བཞི་བའི་འཚོ་སྐྱོང་དུད་ཚང་12ཀྱི་ཐོག་མའི་ཞིབ་རྩིས་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་ཡོད་པ་དང་། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་ཡོད། དེ་བས་ད་ལོ་ཡང་སྐོར་ཁག་ལྔ་བའི་གསེར་འབྲི་མ་འཚོ་སྐྱོང་གི་ལས་དོན་སྤེལ་མགོ་ཚུགས་པ་དེས་ཡུལ་ཚོའི་འབྲོག་པ་ཚོར་ཡོང་འབབ་སྲ་བརྟན་ངང་འཕར་སྣོན་ཡོང་རྒྱུར་སྔར་ལས་སྐུལ་ཁྲིད་ཐུབ་ཡོད་པར་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྔར་བས་སྟོབས་ཆེར་སོང་ནས་རྫོང་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་སྟེ་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་ནུས་ལྡན་ཐུབ་ངེས་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1