ཀན་ལྷོ་ཉིན་རེའི་ཚགས་པར་བོད་རྒྱ་པར་གཞི་བཏོན་པས་ལོ་བདུན་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་འགོ་ཚུགས་མཛད་སྒོ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས།

རྣམ་དཀར་ལྷ་མོ་དང་དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-14




        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། སྤྱི་ཟླ་༨པའི་ཚེས་༡༤ཉིན་གྱི་སྔ་དྲོར། ཀན་ལྷོ་ཉིན་རེའི་ཚགས་པར་བོད་རྒྱ་པར་གཞི་བཏོན་ནས་ལོ་༧༠འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་འགོ་ཚུགས་མཛད་སྒོ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས།

        གྲོས་ཚོགས་འདི་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བ་ཡིན་ལ། པེ་ཅིན་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ལས་ཁུངས་༢༩ཡི་ལས་སྒྲུབ་མི་སྣ་༦༠ལྷག་དང་། ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། རྩོམ་པ་པོ། ཀློག་པ་པོ་བཅས་ཀྱི་སྐུ་ཚབ་བཅས་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།

        ཚོགས་ཐོག་ཏུ་ཀན་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཡུས་ཀྱིས། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གི་མཚར་སྡུག་གི་ལོ་ངོ་བདུན་ཅུ་ལ་གདེང་འཇོག་ཚད་མཐོ་གནང་བར་མ་ཟད། གསར་འགྱུར་འཕྲིན་སྦྱོར་ལས་རིགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་གསར་འགྱུར་ལས་ཀའི་འགན་འཁྲི་ཕྲག་ཏུ་ཁུར་ནས། དུས་རབས་ལ་བསྟོད་གླུ་དང་མི་དམངས་ཀྱི་གཏམ་རྒྱུད་བཤད་པ་དང་། བརྒྱ་ལོ་གཉིས་པའི་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་ཡོང་བར་གསར་འགྱུར་ལས་སྒྲུབ་པའི་སྟོབས་ཤུགས་འདོན་དགོས་ཞེས་བཤད།

        གྲོས་ཚོགས་ཐོག བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཡེ་ཤེས་རྒྱ་མཚོ་ཡིས། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་བོད་འབྲེལ་གསར་འགྱུར་ལས་རིགས་ཀྱི་ལོ་རྒྱུས་རྒྱུན་རིང་ལ། གཞི་རྒྱ་ཆེས་ཆེ་བའི་མཐུན་སྦྱོར་ཚོགས་འདུ་ཡིན། ལོ་མང་རིང་། ཏང་དང་རྒྱལ་ཁབ་ཀྱི་གསར་འགྱུར་གླེང་ཕྱོགས་ཀྱི་སྲིད་ཇུས་ལག་ལེན་ཏན་ཏིག་བྱས་ཏེ། དར་ཆ་སྒྲེང་བ་དང་། དམངས་ཆེན་གཅིག་བསྡུ། འཇོན་མི་གསོ་སྐྱོང་། རིག་གནས་དར་སྤེལ་གྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། ཏང་གི་སྲིད་ཇུས་དང་དུས་རབས་ཀྱི་འཕོ་འགྱུར། བོད་འབྲེལ་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་སྤུས་མཐོའི་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བྱེད་དང་བྱེད་མུས་ཡིན་ལ། བོད་སྐད་ཡིག་གི་སྨྱན་སྦྱོར་གྱི་ཁྱབ་བསྒྲགས་སྟོབས་ཤུགས་དང་བོད་འབྲེལ་སྨྱན་སྦྱོར་ཁག་གི་མཉམ་ལས་སྤེལ་རེས་ཇེ་དྲག་བཏང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་བསྟར་ནན་མོ་བྱས་ཏེ། བོད་འབྲེལ་གཏམ་རྒྱུད་ཡག་པོ་བཤད་དགོས་ཞེས་གསུངས་པ་རེད།

        གྲོས་ཚོགས་ཐོག ཀན་ལྷོ་ཁུལ་ཨུའི་ཆོག་མཆན་དང་། རྟེན་འབྲེལ་ཞུ་ཡིག་ཁྱབ་བསྒྲགས་བྱས་པར་མ་ཟད། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་བཙུགས་ནས་ལོ་༧༠འཁོར་བའི་བརྗོད་དོན་གཙོ་བོའི་བརྙན་ཐུང་བཏང་། རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་འདུའི་རིང་། བོད་སྐད་ཡིག་གི་གསར་འགྱུར་གྱི་བརྩམས་ཆོས་དང་བསྒྱུར་ཡིག པར་ངོས། དཔྱད་རྩོམ། སྨྱན་སྦྱོར་གསར་པའི་བརྩམས་ཆོས། བརྙན་ཐུང་གི་དཔྱད་འདེམས་ཚོགས་འདུ་ཚོགས་ནས། བོད་སྐད་ཡིག་སྨྱན་སྦྱོར་གྱི་འཕེལ་རྒྱས་གནས་བབ་བགྲོ་གླེང་བྱ་རྒྱུ་རེད།

        ཚོགས་འདུའི་རིང་། ཀན་ལྷོ་ཁུལ་ནས་གསར་འགོད་པའི་བཅར་འདྲི་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། བླ་བྲང་དགོན་པ་དང་བསང་ཆུ་རྫོང་ཨ་མཆོག་ཤུག་ལུང་ཉིན་གྲོང་ཚོ། ཀླུ་ཆུ་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོ། གཙོས་གྲོང་ཁྱེར་རྒྱ་མཁར་སྲང་ལམ་རྒྱ་ར་འགབ་མ་གྲོང་ཚོ། གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་གྲོང་རྡལ་རྔོག་དཀར་གྲོང་ཚོ། བ་ཙེ་རྫོང་འགོ་ནང་ཐང་གྲོང་རྡལ་ཁྲི་ཀོའུ་གྲོང་ཚོང་། བ་ཙེ་རྫོང་འགོ་ནང་ཐང་གྲོང་རྡལ་མིའོ་ཀོའུ་གྲོང་ཚོ་བཅས་ལ་བཅར་འདྲིར་འགྲོ་རྒྱུ་ཡིན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1