2023ལོའི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་ལྕགས་རྟ་འགྲན་སྡུར་བྱེད་སྒོ་སྤེལ།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-23


    ཟླ8པའི་ཚེས20ཉིན་གྱི་སྔ་དྲོའི་དུས་ཚོད8ཐོག  2023ལོའི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་ལྕགས་རྟ་འགྲན་སྡུར་བྱེད་སྒོ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་དུ་སྤེལ།  རྒྱལ་ནང་ནས་ལྕགས་རྟ་ཞོན་པར་དགའ་མཁན་དྲུག་བརྒྱ་ཡོང་ནས་བྱེ་བྲག་ཏུ།  མཚོ་སྐོར་བརྒྱུད་ལམ་ཧྲིལ་བོ་ཚན་ཁག་དང་མཚོ་ཁྲ་སྐོར་བའི་བརྒྱུད་ལམ་ཕྱེད་ཀྱི་ཚན་ཁག་ཏུ་ཞུགས་ཏེ། འགྲན་སྡུར་དང་རོལ་མྱོང་གང་ལེགས་གནང་།  རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཐན་ཁྲི་དང་རྫོང་ཨུའི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཧྥུ་ཞུའེ་ལེན།  རྫོང་ཨུའི་རྒྱུན་ཨུ་རྒྱུན་ལས་རྫོང་དཔོན་གཞོན་པ་ཀྲའོ་ཧྲོའུ་ཁྲུན།  རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དགེ་ལེགས།  རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཧའེ་ཡུན།  ཁྲོན་བོད་འགྲན་སྡུར་གསར་འཛུགས་མཁན་ཇོ་མོ་གླང་མ་རུ་ཁག་གི་རུ་གཙོ་བསོད་ནམས་དབང་འཕེལ་བཅས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས།

    2023ལོའི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་ལྕགས་རྟ་འགྲན་སྡུར་བྱེད་སྒོར།  ཀྲུང་གུང་མཛོད་དགེ་རྫོང་ཨུ་དང་མཛོད་དགེ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་འགན་ཁུར་ཞིང་།   མཛོད་དགེ་རྫོང་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས་དང་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས།  མཛོད་དགེ་རྫོང་ཡུལ་སྐོར་ལྗོངས་ཁུལ་དོ་དམ་ཅུས་བཅས་ཀྱིས་སྒྲུབ་མཁན་ཁུར།   མཛོད་དགེའི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་དང་འབྲེལ་ནས་བཏོད་པའི་རིག་གནས་དང་ལུས་རྩལ།  ཡུལ་སྐོར་བཅས་ཟུང་དུ་འབྲེལ་བའི་འགྲན་སྡུར་རིག་གནས་བདག་དབང་ཅན་ཏེ།   རིག་གནས་གསར་གཏོད་དང་ལུས་རྩལ་འགྲན་སྡུར་རིམ་སྤོ་རབ་དང་རིམ་པ་ཟུང་འབྲེལ་སྒོས།  བཞོན་པ་ལ་བརྟེན་ཏེ་བཞོན་པར་དགའ་མཁན་རྣམས་ལ་རིག་གནས་དང་ལུས་རྩལ་ཟུང་འབྲེལ་དམ་པོ་བྱས་པའི་ས་མཐོའི་ལྕགས་རྟ་འགྲན་སྡུར་གྱི་གོ་སྐབས་འདོན་སྤྲོད་གནང་།

    སྟོན་མགོ་མའི་མཛོད་དགེའི་རྩྭ་ཐང་སྔར་བཞིན་སྔོ་ཞིང་བསིལ་རླུང་འཇམ་པོས་བྱིལ་བྱིལ་བྱེད་ལ།   ཡུལ་ལྗོངས་ཁྱད་དུ་འཕགས།   འགྲན་སྡུར་དུ་ཞུགས་མཁན་རྣམས་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་དུ་འཆམ་འཆམ་དུ་བསྐྱོད་ཅིང་། ལྕགས་རྟའི་ལུས་རྩལ་ལས་བྱུང་བའི་ངར་ཤུགས་དང་གསོན་ཤུགས་དངོས་སུ་མྱོང་བར་མ་ཟད།   མཛོད་དགེ་གླིང་ས་མཐོང་བ་ཀུན་སྨོན་གྱི་ཁྱད་འཕགས་ཀྱི་མཛེས་ལྗོངས་ཉམས་སུ་རོལ།   འགྲན་སྡུར་གྱི་ཡུལ་དངོས་སུ་འགྲན་སྡུར་གྱི་དུང་སྒྲ་བཏང་བ་དང་མཉམ་དུ།  ལྕགས་རྟ་འགྲན་སྡུར་མཁན་རྣམས་མདའ་མོ་གཞུ་ལས་ཤོར་བ་ལྟར།   ཕན་ཚུན་སྔུན་མ་འཕྲོག་རེས་དང་ངར་རྒྱུགས་སོགས་ཀྱི་སྒོ་ནས།   རིག་ནུས་དང་ལུས་ཤུགས་གཉིས་ཀའི་འགྲན་རྩལ་ལེགས་པར་ངོམས།

    འགྲན་སྡུར་གྱི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན།  མཛོད་དགེ་རྒྱལ་ཁབ་སྤྱི་གླིང་ལྕགས་རྟ་འགྲན་ལམ་ནི་མགོ་ཚུགས་ས་ནི་རྨ་ཁུགས་དང་པོ་ཡིན་ལ།   འགྲན་ཞུགས་པ་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་ཕང་བར་བསྐྱོད་དེ།  བརླན་སར་རྒྱུས་ལོན་དང་བརླན་ས་བདག་སྐྱོང་དང་བརླན་ས་སྲུང་སྐྱོང་བྱེད་པ་དང་། ས་བབ་མཐོ་ཚད་སྨི3000ནས3500བར་ལྕགས་རྟ་བཞོན་ཏེ།   རྩྭ་ཐང་འཕྲེད་ཀྱིས་བརྒལ་ཞིང་གསར་བརྗེའི་རིག་གནས་སེམས་སུ་དྲན་ནས། གསར་བརྗེའི་རིག་གནས་ཀྱི་དྲན་ཤིང་བསུབ་ཏུ་མེད་པར་བཞག་པ་དང་།  འགྲན་ལམ་ནི་རྨ་ཁུགས་དང་པོ་ནས་གཟའ་རུའི་གོར་མོ་ཐང་དང་།   མཚོ་ཁྲའི་སྐྱེ་ཁམས་ཡུལ་སྐོར་ཁུལ་བཅས་བརྒྱུད་དགོས།   ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་དགུང་ནས་འཕུར་ཞིང་།  རྨ་ཁུགས་གྱི་ལིང་གི་འཚེར་སྐད་ཐང་ནས་སྒྲོག་པ།  འབྲོག་པའི་ཐབ་ཀའི་དུ་བ་དགུང་ལ་ལྷོག་ལྷོག་ཏུ་འཕྱུར། ལྕགས་རྟའི་བཞོན་པ་དག་དག་གཙང་གི་ནེའུ་གསིང་འདིར་རང་དབང་གིས་བརྒྱུགས་ཏེ། འཛམ་གླིང་གི་ས་མཐོའི་བརླན་ས་མཛེས་ཤོས་ཀྱི་མཛེས་ལྗོངས་དང་མི་རིགས་ཀྱི་ཐུན་མིན་རིག་གནས་དངོས་སུ་མྱོང་ཞིང་།  མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་བརྗིད་ཉམས་དགའ་བས་མྱོས།

    མཛོད་དགེ་རྒྱལ་ཁབ་སྤྱི་གླིང་ལྕགས་རྟ་འགྲན་བསྡུར་གྱི་སྐྱེས་པའི་ཚན་ཁག་གི་ཨང་དང་པོ་ལོན་མཁན་ཧྲའོ་ཅུན་ཆི་ཡིས་བཤད་རྒྱུར། ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། ང་ནི་ཧྲའོ་ཅུན་ཆི་ཡིན། ཁྲེང་ཏུའུ་ནས་ཡོང་བ་ཡིན། ས་མཐོའི་ལྕགས་རྟ་འགྲན་སྡུར་ལ་ཞུགས་པ་ང་རང་ལ་ཤིན་ཏུ་འཚམས། ང་རང་ཉིད་ས་མཐོའི་ལྕགས་རྟ་ཞོན་མཁན་ཞིག་ཡིན། ལམ་འགྲམ་གྱི་ཡུལ་ལྗོངས་ཧ་ཅང་མཛེས་ལ། ལམ་གང་བོར་ལས་བྱེད་མི་སྣས་ཀྱང་ནུས་ཤུགས་ཡོད་རྒུས་བདེ་འཇགས་ལ་འགན་སྲུང་བྱས། བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་བར་དུ་ཁྱི་ཞིག་ཤོར་ཡོང་བས། ཉེན་རྟོག་པ་ཞིག་གིས་ཁྱི་བཀག་ནས་ང་རང་བདེ་བླག་ངང་འགྲོ་ཐུབ་པར་བྱུང་། ཐེངས་འདིའི་འགྲན་སྡུར་ཁྲོད་སྒེར་ནས་ཨང་དང་པོ་ལོན་པའི་རེ་བ་ཡོད། གང་རེད་ཅེས་ན་ཉིན་ཤས་རིང་ལ་ཨང་དང་པོ་མང་པོ་བླངས་ཡོད་ཟེར།

    མཛོད་དགེ་རྒྱལ་ཁབ་སྤྱི་གླིང་ལྕགས་རྟ་འགྲན་སྡུར་གྱི་བུད་མེད་ཚན་ཁག་གི་ཨང་དང་པོ་ལོན་མཁན་ལི་སི་ཡིས་བཤད་རྒྱུར། ལྷན་རྒྱས་སྐུ་ཁམས་བཟང་། ང་ནི་ལི་སི་ཡིན། སི་ཁྲོན་ཁྲེང་ཏུའུ་ནས་ཡོང་བ་ཡིན།  ང་རང་ཐེངས་དང་པོར་འདིར་ཡོང་ནས་འགྲན་སྡུར་ལ་ཞུགས་པ་ཡིན། ས་མཐོའི་མཛེས་ལྗོངས་ཧ་ཅང་མཛེས།  ལམ་ཡང་ཧ་ཅང་ཡག་པོ་འདུག  ལྕགས་རྟ་བཞོན་པར་ཧ་ཅང་འཚམས། དེར་བརྟེན་དེ་རིང་མྱུར་ཚད་མགྱོགས་པོ་འདུག  སྤྱི་ལེ92དུས་ཚོད་གཉིས་དང་ཕྱེད་ཀའི་རིང་བསྐོར་ཚར་བས། དེ་རིང་ཕྱོགས་ཡོངས་ནས་ལེགས་པོ་བྱུང་། ས་མཐོ་ནས་ལྕགས་རྟ་བཞོན་ན་སེམས་ཁམས་གསོ་ཐུབ། དེ་རིང་སྐལ་བ་བཟང་བས་ཨང་དང་པོ་ལོན་སོང་ཟེར།

    ཐེངས་འདིའི2023ལོའི་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་ལྕགས་རྟ་འགྲན་སྡུར་བདེ་བླག་ངང་སྤེལ། དེས་མང་ཚོགས་ལ་ལུས་རྩལ་འགྲན་རྩལ་གྱི་མིག་གི་དགའ་སྟོན་བཤམས་པར་མ་ཟད། མཛོད་དགེ་རྫོང་གི་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས། མི་ཆོས་རིག་གནས་སྣ་ཚོགས་ལེགས་པར་ངོམས་ཏེ།  ལུས་རྩལ་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་ཁྱབ་གདལ་སྒོས།  མཛོད་དགེ་རྫོང་གི་མཚན་སྙན་གྲགས་ཇེ་ཆེར་བཏང་ནས། སྔར་ལས་མི་མང་པོར་མཛོད་དགེ་མཐོང་དུ་བཅུག་ཅིང་མཛོད་དགེར་ཕེབས་སུ་བཅུག་པ།   མཛོད་དགེ་ལ་དགའ་རུ་བཅུག




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1