༄༅།།མཁས་དབང་དགེ་ཆོས་ཀྱི་འདོད་བསྟན་ལས་འཕྲོས་ཏེ་ཕོ་མོའི་འཚོ་བའི་ ཐད་ཀྱི་ཤེས་བྱ་འགའ་གླེང་བ།

ཤ་བོ་ཁྱི་ཐར། ཏིང་འཛིན་ཚེ་རིང་། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-19


  དེ་ཡང་གངས་ཅན་བོད་ཀྱི་མཁས་དབང་རྣམས་ཀྱིས་མཛད་པའི་བསྟན་བཅོས་སྣ་ཚོགས་རི་བོའི་གཏོས་དང་མཉམ་པའི་ཁྲོད་ཁྱིམ་གྱི་མདོ་དང་འདོད་པའི་ཐར་བའི་མདོ་སོགས་འཇིག་རྟེན་འདི་ཕྱིར་ཕན་པའི་བསྟན་བཅོས་མང་པོ་ཞིག་ཡོད་པ་ལས། འདིར་སྐབས་སུ་བབས་པ་མཁས་དབང་དགེ་ཆོས་ཀྱི་འདོད་བསྟན་དང་མཐུན་པར་ཕོ་མོ་གཉིས་སྦྱོར་གྱི་ཆ་དེ་འཇིག་རྟེན་ཁྱིམ་པ་རྣམས་ཀྱིས་བག་ཡོད་ཚུལ་མཐུན་ངང་སྤྱོད་དགོས་པའི་སྐོར་གྱི་ཤེས་བྱ་འགའ་གླེང་བར་བྱའོ། །

གཅིག  འདོད་པའི་བསྟན་བཅོས་ཀྱི་དགེ་མཚན།
  མཁས་དབང་དགེ་ཆོས་ཀྱིསབུད་མེད་མི་འདོད་སྐྱེད་པ་སུ་ཞིག་ཡོད༎སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས། ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།། ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས།། ཞེས་གསུངས་པ་བཞིན་ཕྱོགས་དེར་མི་མོས་པ་དང་མི་ཆགས་པའི་འཇིག་རྟེན་པ་མེད་ངེས་ནའང་སྔ་ཕྱིའི་མཁས་པ་དག་གིས་མཛད་པའི་མཁས་དབང་དགེ་ཆོས་ཀྱི་ལོ་རྒྱུས་དང་དཔྱད་བརྗོད་སོགས་ན་<<འདོད་པའི་བསྟན་བཅོས>>ཕྱོགས་ཀྱི་དཔྱད་གླེང་བྱས་པ་ཧ་ཅང་དཀོན་པ་དང་། དེ་གླེང་ན་མཁས་དབང་དགེ་ཆོས་སོགས་ལ་སྐུར་འདེབས་སུ་འགྱུར་བའམ་ཡང་ན་གླེང་མཁན་རང་གི་རྫུ་ལ་གནོད་པར་སེམས་པ་གང་ཡིན་ཆ་མ་འཚལ་ཡང་དོན་དུ་འདོད་པའི་བསྟན་བཅོས་ནི་ཚུལ་མིན་གྱི་འདོད་ཞེན་གླེང་བའི་བསྟན་བཅོས་ཤིག་མ་ཡིན་པར་དེའི་ནང་ཚན་རིག་དང་།  ཁྲིམས་ལུགས། བདེ་ཐང་། ཆོས་དང་འཇིག་རྟེན་དང་མཐུན་པར་བཟའ་ཟླ་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་འཇིག་རྟེན་བདེ་ཐབས། ཕོ་མོ་འདྲ་མཉམ། ཚུལ་མཐུན་སྤྱོད་པའི་ཕན་ཡོན་དང་ཚུལ་མིན་ལོག་གཡེམ་གྱི་ནག་ཉེས་སོགས་འཇིག་རྟེན་མི་ཆོས་དང་སྦྱར་ནས་བོད་མིའི་ཀུན་སྤྱོད་ལ་དག་ཐེར་བྱེད་པར་བསྟན་པའི་བསྟན་བཅོས་རིན་ཐང་བྲལ་བ་ཞིག་ཡིན།    ཡིན་ནའང་། དེའི་དགེ་མཚན་མི་གླེང་བ་དང་རིན་ཐང་ལ་མི་དཔྱོད་པར་བཞག་པ་ནི་དོན་དུ་མཁས་དབང་དགེ་ཆོས་ལ་མ་གུས་བ་དང་རིག་གཞུང་ལ་དོ་སྣང་མ་བྱས་པའི་སྐྱོན་དུ་འཁུམས་པ་དང་། མི་རིགས་གཞན་ལ་ཡང་འཁྲིག་ཐབས་ཀྱི་ཤེས་བྱ་ངོ་སྤྲོད་དང་མཚམས་སྦྱོར་བྱས་པ་མི་ཉུང་བ་ཡོདཔས། རང་ཅག་ལ་ཆད་པ་ཁ་སྐོང་བའི་ཚུལ་དུ་མཁས་དབང་དགེ་ཆོས་མཆོག་གིས་འདོད་པའི་བསྟན་བཅོས་མཛད་ཡོད་པ་འདི་ནི་རང་ཅག་བོད་པ་རྣམས་ཀྱི་བསོད་ནམས་ཀྱི་རྟེན་དུ་ཆེ་ཞིང་། དེའི་དོན་རྟོགས་དཀའ་བ་གསང་བ་སྔགས་དང་འབྲེལ་ཞིང་སླ་བ་ཁྱིམ་པ་ཕོ་མོའི་འཚོ་བ་སྟོན་པའི་རྨད་བྱུང་ངོ་མཚར་རིག་གནས་ཀྱི་བསྟན་བཅོས་ལེགས་པོ་གངས་ཅན་གྱི་ཁྱད་ནོར་ལྟ་བུ་ཞིག་རེད་སྙམ་མོ།།
གཉིས། ཚུལ་མཐུན་མིན་པའི་འདོད་སྤྱོད་སྐོར།
  ཇི་སྐད་དུ། འདོད་པའི་ཁམས་འདི་འདོད་པ་ཆགས་ས་སྟེ།། སྐྱེ་བོ་ཐམས་ཅད་འདོད་པ་དོན་དུ་གཉེར༎ འདོད་པའི་ལོངས་སྤྱོད་ཀུན་གྱི་ཕུལ་བྱུང་བ༎ཕོ་མོ་གཉིས་སྦྱོར་འདོད་པའི་བདེ་བ་ཉིད༎(2)ཅེས་པ་ལྟར་འདོད་པའི་ལོངས་སྤྱོད་ཀུན་གྱི་ཕུལ་དུ་བྱུང་བ་ཕོ་མོ་གཉིས་སྦྱོར་གྱི་འདོད་པའི་བདེ་བ་འདི་ཉིད་ཡིན་པས་འདིར་ཡང་ཐོག་མར་ཕོ་མོ་ཤེས་སྦྱོར་སྐོར་ལ་དུས་དང་གནས་བགྲོད་བྱམ་ཡིན་པ་ལོག་པར་གཡེམ་པ་སོགས་སྤངས་ཏེ་ཚུལ་མཐུན་ངང་སྤྱད་ན་ཕོ་མོ་འཆམ་མཐུན་དང་རྗེས་རབས་ལེགས་འཚར་འབྱུང་བའི་དགེ་མཚན་དང་ལྡན་པས། བཟའ་ཁྱིམ་འཁོན་མེད་བདེ་བ་མ་ཟད་སྤྱི་ཚོགས་བདེ་བ་དང་གོ་ལ་ཧྲིལ་བོར་ཞི་བདེ་བག་ཕེབས་ལྡན་པ་ཞིག་འབྱུང་སྲིད་ལ། དེ་ལས་ལྡོག་སྟེ་འཁྲིག་སྤྱོད་ཐལ་ཆེ་བ་དང་གཞན་གྱི་བདག་གིར་བཟུང་བའི་བུད་མེད་དང་འཇུད་མཐུན་མ་སོགས་ལ་ཉལ་བོ་བྱས་ཏེ་བག་མེད་པར་སྤྱད་ན་རྐྱེན་ངན་སྣ་ཚོགས་ཤིག་ཀྱང་གཉིས་སྦྱོར་གྱི་ལས་འདིས་རྒྱུ་བྱས་ནས་བྱུང་བ་དང་འབྱུང་སྲིད་པས་གཟབ་དགོས་པ་སྟེ། མཁས་དབང་དགེ་ཆོསའོན་ཀྱང་གཞན་གྱི་ཆུང་མར་སྤྱོད་པ་འདི༎མཐུན་པ་ཕྱེས་ཤིང་འཐབ་རྩོད་འབྱུང་བའི་གཞི༎འདི་ཕྱི་གཉིས་སྡུག་ཁྲེལ་མེད་ལས་ཡིན་པས། ཡ་རབས་རྣམས་ཀྱིས་འགོ་བའི་ནད་བཞིན་སྤོངས༎(3)ཞེས་གསུངས་བ་བཞིན་བཟའ་ཟླ་ཕན་ཚུན་རྩོད་རྙོག་དང་ནང་མའི་བར་འགལ་བའི་སྣ་འདྲེན་དུ་འགྱུར་བར་མ་ཟད་ཐ་ན་བཟའ་ཟླ་ཐོར་བ་སོགས་དོན་རྐྱེན་ངན་པ་བྱུང་ནས་རྗེས་རབས་བུ་ཕྲུག་གི་མདུན་ལམ་དང་འཚོ་བའི་ཐད་ལའང་དཀའ་ངལ་གང་མང་ཞིག་བཟོ་སྲིད་པས། ཚུལ་མིན་གྱི་འདོད་པ་སྤྱོད་ཚུལ་རྣམས་སྤང་དགོས་པ་དེ་བསྟན་ཡོད། <<གསོ་རིག་རྒྱུད་བཞི>>ལས་ཀྱང་།ཉལ་བོ་སྐྱེ་གནས་མི་མཐུན་བདག་པོ་ཅན།། མི་སྡུག་སྦྲུམ་མ་ཤུགས་ཞན་ཉེན་པ་དང་།། ཟླ་མཚན་ལྡན་དུས་བཀན་བྱེད་འཁྲིག་པ་སྤངས།།(4)ཞེས་དང་། <<འདོདབསྟན>>ལས།།
བཙས་མ་ཐག་དང་སྦྲུམ་མ་མྱ་ངན་ཅན༎ ནད་ཀྱིས་ཉེན་དང་སེམས་ལས་ཆེ་བ་དང་༎ཧ་ཅང་རྒན་དང་གཞོན་པའི་བུད་མེད་ལ།། འདོད་པ་སྤྱོད་ཡུལ་ནམ་ཡང་རུང་མ་ཡིན༎
(5)ཞེས་པ་ལྟར་ཆགས་ལྡན་ཕོ་མོ་རྣམས་ཀྱིས་འདོད་པ་སྤྱོད་བྱར་མི་རུང་བ་ནི། རིགས་མི་མཐུན་པ་དུད་འགྲོའི་རིགས་སྤྱི་དང་གཞན་གྱི་ཆུང་མ་དང་། སྦྲུམ་མ། ན་ཚོད་མ་དར་བའི་བྱིས་པ་བུ་དང་བུ་མོ། ཁྲིམས་ལྡན་གྱི་དགེ་སློང་དང་དགེ་བསྙེན། རང་ལས་ལོ་ན་ཆེ་བའི་མི་དང་ལུས་སྟོབས་ཞན་པའི་མི། འཛེ་ནད་ཅན། བུད་མེད་ཟླ་མཚན་འབབ་པའི་དུས། ཤ་ཉེ་འབྲེལ་མི་རབས་གསུམ་མམ་བདུན་བར་གྱི་མི་སོགས་བགྲོད་བྱ་མ་ཡིན་པ་དང་། ལྷ་ཁང་དང་རྟེན་གསུམ་གྱི་མདུན་དང་༎ སྐྱེ་བོ་གཞན་པའི་བརླ་བར།གཞང་ནང་། མཆན་ཁུང་དང་ཁ་ནང་། འགྱིག་རིགས་སོགས་ལས་བཟོས་པའི་ཕོ་མོའི་མཚན་མ་དང་། རང་གི་ལག་པ་དང་མཛུམ་མོ་སོགས་ཚུལ་མིན་གྱིས་འདོད་པ་སྤྱད་ན་རང་གི་ལུས་ཀྱི་བཀྲག་མདངས་དང་ཟུངས་བདུན་གྱི་ཁམས་ཀྱང་ཉམས་སྲིད་པས་རྐྱེན་དེས་ནད་གཞི་སྔོན་འགོག་གི་ནུས་པ་ཉམས་ཏེ་དེང་སེང་གི་ནད་གཞི་གསར་བ་ཨེད་ཙི་སོགས་ནད་ངན་དག་འབྱུང་གིན་ཡོད་པས་སྤྱོད་ངན་དེ་དག་སྡོམ་རྒྱུ་གལ་ཆེ་བར་སྣང་། ད་དུང་དེ་ལྟར་སྤྱད་ན་རང་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་ཉམས་པ་དང་། གཉེན་སྒྲིག་བཅའ་ཁྲིམས་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་སོགས་ལ་ཡང་འགལ་བས་འདི་དག་མི་བཤད་ཐབས་མེད་ཡིན། རབ་ཡིན་ན་རང་གི་སེམས་མཐུན་གྱི་ཆུང་མ་ཁོ་ནར་ཚུལ་མཐུན་ངང་སྤྱད་དེ་མངོན་ལྐོག་མེད་པར་མཛའ་སེམས་དང་དུངས་སེམས་གཅིག་ཏུ་སྒྲིལ་ནས་ཡུན་ཐུང་གི་འཇིག་རྟེན་མི་ཚེའི་མཐའ་རྩོད་གླེང་མེད་པར་དགའ་བདེའི་ངང་འཁྱོལ་ན་ལེགས་པའི་ཚུལ་བསྟན་པ་ནི། མཁས་དབང་དགེ་ཆོས་ཀྱིས། ལས་ཀྱིས་བསྐོས་པའི་བཟའ་ཟླ་ཕན་ཚུན་ལ༎གཅེས་པའི་སྲོག་བཞིན་བྱམས་པའི་འགྲོགས་བྱེད་ཅིང་༎ གྱ་གྱུའི་ལས་དང་བྱི་ཕོའི་ལས་སྤངས་པ༎ཚུལ་ཁྲིམས་ཀུན་ཀྱི་ནང་ནས་ཡང་རྩེ་ཡིན༎ཞེས་དང་། ཆོས་དང་མཐུན་པར་རང་རང་ལས་ཀྱིས་འཚོ༎ རྟག་ཏུ་རང་གི་ཆུང་མ་ཙམ་ལ་སྤྱོད༎ དབང་བོ་དུལ་ཞིང་གློ་བུར་མགྲོན་ལ་དགའ༎སྐྱེ་བུ་དམ་པའི་ཁྱིམ་ན་ཐར་བ་ཡོད༎ ཁྱོ་ཕོའི་ལུས་ཀྱི་ཕྱེད་ནི་ཆུང་མ་སྟེ༎ཆུང་མའི་ལུས་ཀྱི་ཕྱེད་ནི་ཁྱོ་ཡིན་པས༎རང་ལུས་ཕྱེད་གཤག་མི་ཡི་རྐང་ལག་ཅན༎སོང་ན་དུད་འགྲོའི་ཁྱུར་ཡང་ཚུད་པ་དཀའ༎དེ་ལྟར་བསམ་ན་རང་གི་བཟའ་ཟླ་ལ༎མངོན་ལྐོག་བྲལ་བ་མཛའ་བའི་སེམས་བཞག་ནས༎ ཡུན་ཐུང་ཚེ་འདིའི་མཐའ་ལ་འཁྱོལ་ནུས་ན༎ཤི་བའི་རུས་གོང་དེ་ཡང་མཚོན་བྱ་ཉིད༎(7)ཅེས་གསུངས་ཡོད་པ་གོང་དུ་འདོད་སྤྱོད་ཚུལ་མིན་སྤངས་ཏེ་ཚུལ་མཐུན་བོད་རང་གི་རིག་གནས་ངོ་མཚར་འདོད་བསྟན་ལྟར་སྤྱད་ན་རང་གཞན་ཀུན་ལ་ཕན་པའི་སྐོར་ཞིག་གླེང་དགོས་བྱུང་བ་འདི་ནི་གཙོ་བོ་དེང་གི་དུས་འདིར་ཡུལ་ཕྱོགས་ཀུན་ཏུ་སྨད་འཚོང་ཁང་དང་ཕྱི་གླིང་ཆགས་སྲེད་འཆལ་སྤྱོད་འོད་སྡེར་སོགས་དར་ཁྱབ་ཤིན་ཏུ་ཆེ་བས་དེ་དང་མཐུན་པར་གཞོན་སྐྱེས་ཕོ་མོ་རྣམས་ཀྱིས་ཚུལ་མིན་གྱི་འདོད་པ་སྤྱད་པ་ལས་ངན་འབྲས་སྣ་ཚོགས་ཤིག་ཀྱང་བྱུང་དང་འབྱུང་གིན་ཡོད་པར་དམིགས་པའོ༎
གསུམ་པ། ཕོ་མོར་འདོད་སྤྱོད་འོས་མིན་གྱི་དུས་དང་ལོ་ཚོད།
   <<འདོད་བསྟན>>ལས། ཕོ་ནི་རང་ལོ་བཅུ་དྲུག་ལོན་པའི་སྐབས༎ན་ཚོད་དར་ཞིང་ཉེར་བཞིའི་ལོ་ལ་རྫོགས༎མོ་ནི་རང་ལོ་བཅུ་གསུམ་ལོན་པ་ན༎ན་ཚོད་དར་ཞིང་བཅུ་དྲུག་ལོ་ལ་རྫོགས༎དེའི་ཕྱིར་ཕོ་ལོ་ཉེར་བཞི་ལོན་པ་ན༎བུད་མེད་བཅུ་དྲུག་ལོའམ་བཅོ་བརྒྱད་ལ༎འདོད་པ་འོས་པའི་དུས་ལ་བབ་གྱུར་ཅིག། ཁྱིམ་སོ་འཛིན་པ་དག་ཀྱང་འདི་ནས་བྱ༎ལོ་ཚིགས་དེ་ལས་ད་དུང་ཡུན་རིང་ན།། ནད་ཀྱི་རིགས་བྱེད་འགའ་ཡང་འབྱུང་བར་བཤད༎ (8)ཅེས་གསུངས་བ་ལྟར་ཕོ་རྣམས་རང་ལོ་བཅུ་དྲུག་སྟེང་ན་ཚོད་དར་ཞིང་རང་ལོ་ཉེར་བཞིའི་ཐོག་ན་ཚོད་སྨིན་པ་དང་མོ་རྣམས་རང་ལོ་བཅུ་གསུམ་སྟེང་ལང་ཚོ་དར་ལ་བབ་ཤིང་རང་ལོ་བཅུ་དྲུག་ཐོག་ནས་འདོད་པ་སྤྱོད་རན་དང་འོས་པའི་དུས་སུ་བབས་པ་དང་ཁྱིམ་སོ་འཛིན་པའི་དུས་སྐབས་འདིར་རན་པ་བསྟན་ཡོད་པས༎རང་རྒྱལ་གཉེན་སྒྲིག་རང་དབང་དང་། ཁྱོ་གཅིག་ཤུག་གཅིག་ཕོ་མོ་འདྲ་མཉམ་གྱི་ལམ་ལུགས་གཏན་ཁེལ་བྱས་ཡོད་ལ། དེ་ནས་བརྩིས་ཏེ་བུད་མེད་ལོ་བཅུ་དྲུག་ནས་ལྔ་བཅུ་བར་འདོད་པ་ལྡན་པའི་དུས་ཡིན་པས་འདོད་པ་གང་མཚམས་ཤིག་སྤྱད་ན་ཆོག་པ་དང་། འདོད་མོས་ལྟར་གཉེན་ཡང་སྒྲིག་ན་ཆོག དེར་ཕ་མ་དང་མི་གཞན་གྱིས་ཐེ་གཏོགས་གཏན་ནས་བྱ་མི་ཆོག་པའང་རང་རྒྱལ་གྱི་བཅའ་ཁྲིམས་སུ་གཏན་འཁེལ་བྱས་ཡོད། དེ་ལས་ལྡོག་སྟེ་ཕོ་མོ་བཙན་ཤེད་དང་ཉོ་ཚོང་གི་ཚུལ་དུ་གཉེན་སྒྲིག་ཏུ་འཇུག་མཁན་དེ་ཁྲིམས་ལུགས་ཀྱིས་དུས་བཙོན་ལོ་གཉིས་མན་དང་། བཙན་ཉར་བཙོན་འཇུག་སོགས་ཀྱི་ཉེས་ཆད་ཡོད་པ་མ་ཟད་ན་གཞོན་ཕོ་མོའི་ལང་ཚོ་དར་བའི་ལོ་ཚིགས་དེར་ཕོ་མོའི་བར་གྱི་བརྩེ་དུང་དང་གཉེན་སྒྲིག་རང་དབང་ལ་བརྩི་འཇོག་བྱེད་པ་ལས། བཙན་ཤེད་ཀྱིས་བཀག་འགོག་དང་གནོད་འཚེ་བྱ་མི་རུང་བའི་སྐོར་ཡང་འདོད་པའི་བསྟན་བཅོས་སུ་གསལ་བ་ནི། ལྷག་པར་ཕ་མས་སྲུང་ཞིང་དམ་བཞག་པའི༎བུ་མོ་རྣམས་ལ་སྡུག་འདི་ཚད་ལས་འདས༎དེ་ཕྱིར་འོས་པའི་དུས་ལ་བབ་པ་ན༎ཕོ་མོ་གཉིས་ལ་ཁྱིམ་ཐབ་ངེས་པར་དགོས༎ན་ཆུང་བུ་མོས་སྐྱས་པ་འདོད་པ་ནི༎སྐོམ་པ་ཆུལ་ལ་འཕྲད་པའི་དོ་ཟླ་མིན༎ཆགས་ལྡན་སྐྱེས་པས་བུ་མེད་འདོད་པ་ནི༎ལྟོགས་པ་ཟས་ལ་རྔམ་པའི་དོ་ཟླ་མིན༎ཕ་མ་བཙན་པོས་དེ་ལ་གེགས་བྱད་པ༎ཁྲི་མུན་དོང་དུ་བཅུག་པའི་དོ་ཟླ་མིན༎(9)ཞེས་དང་། གཞན་ཕོ་མོ་ལང་ཚོ་སྨིན་པ་ནས་ལོ་ན་རྒན་པའི་(ལོ་ལྔ་བཅུ)བར་འདོད་པ་སྤྱད་དེ་ཟླ་རེར་ཁམས་དཀར་དམར་དེ་ཕྱིར་མ་བཏོན་ན་ནད་རིགས་སྣ་ཚོགས་ཤིག་འབྱུང་སྲིད་པ་ཡང་གསོ་རིག་སྨན་གཞུང་དག་ཏུ་གསལ་མོད། འོན་ཀྱང་ན་ཚོད་མ་སྨིན་པའི་བྱིས་པ་ལོ་བརྒྱད་ནས་བཅུ་གཉིས་དང་བཅུ་བཞི་མན་གྱི་གཞོན་ནུ་མར་འདོད་པ་སྤྱོད་མི་རུང་བ་སྟེ་ཁོ་ཚོའི་ལུས་ཁམས་ཡོངས་སུ་དར་མེད་པས་ཆག་སྒོ་སྣ་ཚོགས་ཤིག་འབྱུང་ངེས། ཡང་ལ་ལས་ཆགས་སྲེད་དབང་གིས་གཡོ་ཐབས་དང་རྫུན་གྱིས་མགོ་བསྐོར་བ་སོགས་ལ་བརྟེན་ནས་ན་ཆུང་ཕོ་མོར་འདོད་སྤྱོད་ཐད་འཐད་པ་བྱུང་དུ་བཅུག་སྟེ་སྤྱད་ནའང་། རང་རྒྱལ་གྱི་བཅའ་ཁྲིམས་སུ་འཐད་པ་བྱུང་མིན་ལ་མི་བལྟ་བ་དང་། དངོས་སུ་འཁྲིག་སྤྱོད་བྱ་ཐུབ་རུང་ཕྱོགད་གཉིས་ཀའི་རྟགས་མཚན་འབྲེལ་ཐུག་བྱུང་ཡོད་ཕྱིན། ན་ཆུང་བུ་མོར་ལོག་གཡེམ་བྱས་ཟིན་པའི་ཉེས་སྤྱོད་དུ་བརྩི་བ་ཡིན། འདོད་སྤྱོད་རན་པའི་ལང་ཚོ་དར་བབས་ཀྱི་བུད་མེད་ལའང་རང་འཐད་མ་བྱུང་བར་དྲག་ཤུགས་སམ་བཙན་ཤེད་རྨོངས་དད་དང་འཆལ་གཏམ་སོགས་ཀྱིས་འཇིགས་སྐྲག་སྐུལ་བ་དང་། ཆང་གིས་བཟིར་བཅུག་པ་དང་སྨན་རྫས་ཀྱིས་སྦྲིད་དུ་བཅུག་པ། ཡང་ན་ཁྱོ་གར་བརྫུས་ནས་ལོག་པར་གཡེམ་པ། དུས་གཅིག་མཚུངས་ནང་རེས་བསྐོར་ནས་བཙན་གཡེམ་བྱས་བ་ལ་ཁྲིམས་ལུགས་ལྟར་དུས་བཙོན་ལོ་བཅུ་ཡན་ཆད་དང་ཚེ་བཙོན། ཡང་ན་སྲོག་ཁྲིམས་གཅོད་པ་དང་རེས་བསྐོར་བཙན་གཡེམ་ལ་ལྷག་པར་དུ་ཉེས་ཆད་ལྕི་བ་ཡིན་པས་ཚུལ་མིན་གྱི་འདོད་སྤྱོད་སོགས་ལ་ངེས་པར་དུ་གཟབ་སྟེ་མིག་ནང་གི་ཐལ་བ་བཞིན་དོར་དགོས་པ་སྟེ། <<འདོད་བསྟན>>ལསབཙས་མ་ཐག་དང་སྦྲུམ་མ་མྱ་ངན་ཅན༎ནད་ཀྱིས་ཉེན་དང་སེམས་ལས་ཆེ་བ་དང་༎ཧ་ཅང་རྒན་དང་གཞོན་པའི་བུད་མེད་ལ༎ འདོད་པའི་སྤྱོད་ཡུལ་ནམ་ཡང་རུང་མ་ཡིན༎(10)ཞེས་པ་ལྟར་མཁས་དབང་དགེ་ཆོས་ཀྱིས་ཀྱང་བུད་མེད་ཀྱི་ཐོབ་ཐང་དང་བདེ་ཐང་ལ་ཚད་མཐོ་བས་མཐོང་ཆེན་བྱས་ཡོད་དོ༎
 བཞི་བ། འཁྲིག་པའི་སྔ་རྗེས་ཀྱི་གཙང་སྒྲ།
   དེ་ཡང་ཕོ་མོ་ཤེ་སྦྱོར་སྐབས་ཀྱི་སྔ་ཕྱི་དག་ལ་མཚན་མ་གཉིས་ལ་གཙང་སྦྲ་ལེགས་པོ་བྱ་དགོས་པ་སྟེ། <<འདོད་བསྟན>>ལས། འཁྲིག་པའི་སྔོན་དུ་ཕོ་མོ་གཉིས་ཀ་ཡིས༎གཤང་གཅི་བསལ་ཅིང་འདོམས་ཀྱི་དབང་བོ་བཀྲུ༎ལྷག་པར་བྷ་གའི་ཕུགས་དག་གཙང་བར་བྱ༎དེས་ནི་སྐྱོན་མེད་མངལ་དག་འཛིན་ལ་ཕན༎(11)ཞེས་བ་བཞིན་འདོད་པ་མ་སྤྱད་པའི་སྔོན་དུ་ཕོ་མོས་བཤང་ལྕི་དོར་ནས་མཚན་མ་ཆུ་དྲོད་འཇམ་འདག་རྫས་དང་ཆེད་བཟོས་སྨན་ཆུས་ལེགས་པར་བཀྲུས་ན་ལུས་ཀྱི་ཁམས་དྭངས་ཤིང་དྲི་ངན་དང་ནད་འབུ་སོགས་མི་གཙང་པའི་སྐྱོན་གྱིས་གོས་མི་སྲིད་པ་དང་ལྷག་པར་དུ་བུད་མེད་ཀྱི་མཚན་མའི་ནང་ལེགས་པོར་བཀྲུས་རྗེས་འདོད་པ་ཅི་དགར་སྤྱད་པས་ཆོག་ལ། སྤྱད་ཚར་མ་ཐག་མཚན་མ་གཉིས་ལ་ཕོའི་ཁུ་བ་དང་མོའི་གཡའ་ཆུས་སྦག་བཙོག་ཏུ་ཐེབས་ཡོད་པས་དེ་གོང་བཞིན་གཙང་མར་བཀྲུས་ཏེ་དར་གོས་འཇམ་པོས་ལེགས་པར་ཕྱིས་པ་དང་མོ་ནད་དང་གྲང་གཞིའི་ནད་སོགས་མི་འབྱུང་བར་ཕན་པར་མ་ཟད་མངལ་ལེགས་པོ་ཞིག་འཛིན་པ་ལའང་ཕན་ངེས། གཞན་དེང་སྐབས་མི་གྲངས་ཚོད་འཛིན་དང་འཆར་ལྡན་བུ་སྐྱེས་ཀྱི་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་སྐབས་འདིར་སྦྲུམ་པ་འགོག་པ་ལ་ཡང་སྨན་དང་མཚུངས་པའི་མན་ངག་ཅིག་བསྟན་ཡོད་པ་ནི། <<འདོད་བསྟན>>ལསཁུ་བ་བྱུང་མ་ཐག་ཏུ་བུད་མེད་ཉིད༎ཡར་ལ་ལངས་ཏེ་རྐང་མཐིལ་ས་ལ་བརྡུང་༎བྷ་ག་ཆུ་དྲོན་དག་གིས་བཀྲུ་བར་བྱ༎འདི་ཡང་སྦྲུམ་པ་འགོག་ལ་སྨན་དང་མཚུངས༎(12)ཞེས་པ་ལྟར་རང་རིགས་ཆགས་ལྡན་ཕལ་མོ་ཆེ་དེ་དག་གི་ཕན་ཡོན་མཐོང་ཐོས་སུ་མ་གྱུར་བའམ་ཡང་ན་ངོ་ཚ་བརྫུ་བག་དང་དཀའ་ཚེགས་ལ་འཛེམ་པ་དང་། འདོད་ཆགས་ཀྱིས་དེད་པའི་དབང་གིས་ཚན་རིག་དང་མཐུན་པའི་བྱ་ཐབས་ལེགས་པོ་དེ་བརྗེད་སྲིད་པའང་མ་ཡིན་ཏེ་མ་ཤེས་པའི་སྐྱོན་དུ་ངེས་ལ། དེང་སྐབས་ཀྱི་ན་གཞོན་ཕོ་མོའི་ཁྲོད་གླེང་བཞིན་པ་ནི་མི་རིགས་ག་གེ་མོའི་ཕོ་མོས་འདོད་པ་སྤྱད་རྗེས་མཚན་མ་གཉིས་བཀྲུ་བ་དེ་ཡ་མཚར་བའི་གནས་དང་སྲོལ་བཟང་ཞིག་ཏུ་བརྩི་གྱིན་ཡོད་ཀྱང་དོན་དུ་སྲོལ་དེ་རང་རིགས་ལ་ཡང་ཡོད་པ་འདོད་བསྟན་དུ་གསལ་ནའང་དེ་མཐུན་ངང་མ་སྤྱད་པས་མོ་ནད་སོགས་ངན་འབྲས་སྣ་ཚོགས་ཤིག་འབྱུང་གིན་ཡོད་པས་དེ་ཀུན་གྱིས་ལག་ལེན་བྱ་དགོས་པའི་གནས་སོ༎
 ལྔ་བ། འདོད་བསྟན་གྱི་མན་ངག་ཕོ་མོའི་ཤེས་བྱ།
    བཅོམ་ལྡན་འདས་ཀྱིས། གཟུགས་ཀྱི་ནང་ནས་མཛེས་པའི་མཐར་ཐུག་པ༎སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཅིང་༎ བུད་མེད་མིག་ལ་སྐྱེས་པའི་གཟུགས་ཡིན་ཏེ༎འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང་༎སྒྲ་ཡི་ནང་ན་སྙན་པའི་མཐར་ཐུག་པ༎སྐྱེས་པའི་རྣ་བར་བུད་མེད་སྒྲ་ཡིན་ཏེ༎འདི་ལས་ལྷག་པའི་སྙན་པ་གང་ཡང་མེད༎དེ་བཞིན་དྲི་དང་རོ་དང་རེག་བྱ་ཡི༎འདོད་ཡོན་ལྷག་མ་གསུམ་ལ་སྦྱར་ཏེ་གསུངས༎(13)ཞེས་བ་ལྟར་འཇིག་རྟེན་ཕུན་ཚོགས་ལ་ལོངས་སྤྱོད་ཅིང་ཡིད་མོས་པའི་སྐྱེས་ཕོ་མོ་གང་ཞིག་ཡིན་རུང་གནས་སྐབས་ཀྱི་བདེ་བའི་དཔལ་གྱི་མཆོག་ནི་འདོད་པའི་བདེ་བ་འདི་ཡིན་ལ། དེ་རིགས་རུས་དང་ཆོ་འབྲང་མཆོག་དམན་དབུལ་ཕྱུག་གི་ཁྱད་པར་མེད་པར་གང་གིས་ཀྱང་ཪྙེད་པར་སླ་བ་དང་དགའ་བའི་གནས་ཀྱང་འདི་ཡིན་པས་གོང་བླ་སྤྲུལ་དང་དཔོན་པོ་ནས་མར་སྤྲང་བོ་ཡན་ཆད་ཕལ་མོ་ཆེར་ཆ་དེར་མི་མཉེས་མཁན་དང་མི་ཞུགས་མཁན་མེད་སྲིད་པས། ཪྙིང་ཆུང་རྐུན་པོས་ཁ་ཟས་ཟ་བ།ལྟ་བུའི་གཉིས་སྦྱོར་གྱི་ལས་ལྟ་བུ་མ་ཤེས་ན་ན་ཆུང་ཕོ་མོའི་བར་གྱི་བརྩེ་འདང་ལ་བར་ཆད་དང་འགྱུར་ལྡོག་འབྱུང་སླ་བས། འདོད་བསྟན་གྱི་མན་ངག་ལྟར་བརྫུ་བག་སྤྱོད་དང་ངོ་ཚའི་ཚུལ་ཡོངས་སུ་སྤངས་ཏེ་ཅི་བསམ་དུ་འདོད་པ་སྤྱད་ན་ཕོ་མོ་ཕན་ཚུན་སྙིང་ཐུབ་འདྲིས་ཤིང་འཇིག་རྟེན་འདི་ནས་སྙོངས་གྲོགས་མཆོག་ཏུ་འགྱུར་པ་དང་འཇིག་རྟེན་ཁྱིམ་ཐབ་ཀྱི་བྱ་བཞག་ཐམས་ཅད་ཀྱང་འཆམ་མཐུན་དང་བདེ་སྐྱིད་ངང་འགྲུབ་སྲིད་པས་མཁས་དབང་དགེ་ཆོས་ཀྱིསའཕྲད་མ་ཐག་ཏུ་རྔམ་པའི་འཇུག་བྱེད་ཅིང་༎ཞུགས་མ་ཐག་ཏུ་ཁུ་བ་ཉམས་བྱེད་པ༎ཁྱི་ཡིས་གློ་བ་མིད་པའི་ངང་ཚུལ་འདིས༎བདེ་བ་ཅུང་ཟད་ཙམ་ཡང་རྙེད་མ་ཡིན༎(15)ཞེས་དང་། འཇུ་མི་ཕམ་གྱིས།མ་མྱོང་སྦྲང་རྩི་མིད་པས་དགའ་སྐྱེད་མིན༎སྒྱུ་རྩལ་བྲལ་ལ་མཆོག་གི་བདེ་བ་མེད༎དེ་ཕྱིར་བརྒྱད་ལས་བརྒྱད་དུ་ཕྱེ་བ་ཡིས༎དྲུག་ཅུ་རྩ་བཞིར་དྲང་སྲོང་གིས་བཤད་པའི༎སྒྱུ་རྩལ་ཆོ་ག་མཁས་པར་མ་བྱས་པར༎འཁྲིག་པ་བྱེད་པ་ཕྱུགས་ཀྱི་ངང་ཚུལ་ཡིན༎(16)ཞེས་གསུངས་ཡོད་པ་ལྟར་གཉིས་སྦྱོར་ཚངས་སྤྱོད་ལ་ཐོག་མར་ཕོ་མོ་ཕན་ཚུན་ཡིད་འཐད་བྱུང་དགོས་པ་ནི་སྔོན་འགྲོ་ཡིན་ལ་དེས་མིའི་ལྷན་སྐྱེས་ཀྱི་འདོད་ཆགས་ཀྱི་ཚ་དྲོད་ཞིག་ཀྱང་རིམ་གྱིས་སྐྱེས་སུ་འཇུག་པ་དང་། དེའི་སྟེང་དུ་འདོད་བསྟན་དུ་བསྟན་པའི་ཆགས་པ་སློང་ཚུལ་གྱི་བྱ་ཐབས་སྣ་ཚོགས་དེ་སྤྱོད་མྱོང་བྱས་ན་ཕོ་མོ་ཕན་ཚུན་ལ་སྔར་བས་མི་བཟོད་པའི་ཆགས་པ་དྲག་པོ་ཞིག་སྐྱེས་སྲིད་པས་སྐབས་དེར་ད་གཟོད་འདོད་བསྟན་གྱི་གཞུང་དང་མཐུན་པར་འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཆོ་ག་དེ་ཉམས་སུ་མྱང་སྟེ་སྤྱད་ན་ཕན་ཚུན་སྙིང་ཐུབ་ཀྱི་རྩེ་འདང་ཇེ་ཟབ་ཏུ་འགྲོ་སྲིད། དེ་ལས་ལྡོག་སྟེ་འཕྲད་མ་ཐག་ཏུ་རང་ཁོ་ནའི་འདོད་པའི་བདེ་བ་རྫོགས་ཐབ་ཙམ་ལ་འབད་ན་དེ་ནི་ཁྱི་ཡིས་གློ་བ་མིད་པ་དང་སྦྲང་རྩིའི་རོ་མ་མྱོང་བར་མིད་པ། སྒྱུ་རྩལ་གྱི་ཐབས་སྣ་ཚོགས་ལ་རྨོངས་པའི་དུད་འགྲོ་ཕྱུགས་ཀྱིས་སྤྱོད་པའི་ཆ་དང་ཀུན་ནས་མཚུངས་བ་ལས་གཞན་མེད་དོ།རྐྱེན་དེས་བུད་མེད་ཀྱི་འདོད་པའི་བདེ་བ་མ་ཚིམ་པར་ལ་ལ་བཟའ་ཐོར་བྱེད་པའང་དེང་སེང་མཐོང་རྒྱུ་ཡོད་པས་གནད་དེར་སྣང་ཆུང་མི་བྱེད་པར་གཟབ་བཅོས་བྱ་དགོས་པ་སྟེ། <<འདོད་བསྟན>>ལསསྐྱེས་པ་མྱུར་ན་འཁྲུག་པ་དང་པོ་ཡིས༎བུས་མེད་རྣམས་ལ་ཚིམས་པ་མི་སྐྱེས་བས༎སྟོབས་དང་ལྡན་ཅིང་ཁུ་བ་འཕེལ་རྣམས་ཀྱིས༎ལན་གཉིས་གསུམ་གྱི་བར་དུ་སྤྱད་བྱ་ཉིད༎ཡང་ན་ཁུ་བ་འབྱིན་ལ་ཉེ་བའི་སྐབས༎བསྐྱོད་མཚམས་བཤོལ་ནས་བདེ་བ་འགྲེམ་བཅུག་སྟེ༎སླར་ཡང་ཆགས་པ་བསླངས་ནས་སྤྱད་བྱ་སྟེ༎ཅིས་ཀྱང་འཁྲིག་པ་ལན་གཉིས་དགོས་པར་བཤད༎ཁུ་བ་ཕྱུངས་མ་ཐག་ཏུ་སྐྱེས་པའི་རྟགས༎མི་འདོད་བྷ་གའི་ཕུགས་སུ་བཅུག་བྱས་ཏེ༎ཇི་སྲིད་བུད་མེད་འགུལ་ཅིང་བསྐྱོད་པ་ཡིས༎བདེ་བ་རྫོགས་པར་ཅི་འདོད་བྱེད་དུ་བཅུག༎གལ་ཏེ་དེས་ཀྱང་བདེ་མ་རྫོགས་ན༎སྐྱས་པའི་སོར་གཉིས་བྷ་གར་བཏང་སྟེ་དཀྲུགས༎སྤྱིར་ན་འཁྲིག་པའི་སྔོན་དུ་སོར་མོ་ཡིས༎བྷ་གའི་བུ་གར་བསྲུབ་ཅིང་མཉེད་པ་གནད༎(17)ཅེས་གསུངས་པ་བཞིན་བུད་མེད་ལ་ཐོག་མར་ཆགས་པ་དྲག་པོ་ཞིག་སྐྱེས་སུ་བཅུག་སྟེ་འདོད་པའི་བདེ་བ་མ་ཚིམ་བར་དུ་སྐྱེས་པས་ཐབས་ལམ་སྣ་ཚོགས་ལ་བརྟེན་མྱོང་བྱ་དགོས་པ་ལས་རང་གི་བདེ་བ་རྫོགས་ཐབས་ཙམ་དུ་མྱུར་བར་སྤྱད་པའི་ངན་འབྲས་ནི། <<འདོད་བསྟན>>ལསསྐྱེས་པ་མྱུར་པའི་ཆུང་མ་ལོ་གསུམ་བྱས་༎འཁྲིག་པའི་བདེ་བ་ལན་གཅིག་མ་མྱོང་སྐད༎ཚེ་གྲོགས་བུ་མོའི་ནང་ཉམས་མི་ཤེས་པའི༎སྐྱེ་བོ་དེ་འདྲ་རབ་བྱུང་རྒྱུ་ལ་བཟང་༎(18)ཞེས་བ་ལྟར་བུད་མེད་ལ་འདོད་པའི་བདེ་བ་མཆོག་ཅིག་མ་ཐོབ་ན་སྐྱེ་བོ་གཞན་གྱི་ཕྱོགས་སུ་སེམས་ཤོར་སླ་བ་དང་གཞན་ལ་བརྟེན་པ་བྱུང་ན་རང་གི་ཚེ་གྲོགས་བར་གྱི་ཞེ་འདང་ཡང་ཇེ་ཆུང་དུ་འགྲོ་སྲིད་པས། ནམ་རྒྱུན་གྱི་འཚོ་བའི་ཁྲོད་སྐྱེས་པས་བུད་མེད་ལ་ཆགས་པ་དྲག་པོ་མ་སྐྱེས་བར་དུ་འདོད་པ་མི་སྤྱོད་པ་དང་སྤྱད་ཚེ་བདེ་བ་ཚིམ་དུ་འཇུག་དགོས་པ་ནི་འདོད་པའི་བསྟན་བཅོས་ཀུན་གྱི་སྙོངས་བོ་ཡིན། <<འདོད་བསྟན>>ལསམདོར་ན་སྣ་ཚོགས་སྤྱོད་པས་བུད་མེད་ལ།། ཆགས་པའི་བསམ་པ་དྲག་པོ་མ་སྐྱེས་བར༎འཁྲིག་པའི་བྱ་བར་དངོས་སུ་མི་འཇུག་པ༎འདོད་པའི་བསྟན་བཅོས་ཀུན་གྱི་སྙིང་བོ་ཡིན༎(19)ཞེས་གསུངས་ཡོད་པ་ལྟར་གཉིས་སྦྱོར་སྐབས་སྐྱེས་པ་ལས་ཀྱང་བུད་མེད་ཀྱི་ཆགས་པའི་སྟོབས་ཆེ་ན་སྦྲུམ་པ་ཡང་བུ་རུ་སྐྱེ་བ་ཐེ་ཚོམ་མེད་པ་སྟེ། <<འདོད་བསྟན>>
ལསགང་ཚེ་བུ་མོའི་རྒྱུད་ལ་འདོད་ཆགས་ཤུགས༎སྐྱེས་པ་ལས་ཀྱང་ལྷག་པར་སྟོབས་སྐྱེས་ནས༎འཁྲིག་པ་སྤྱད་ན་དགའ་བའི་སྟོབས་འཛིན་ཅིང་༎སྦྲུམ་ཀྱང་བུ་རུ་སྐྱེས་པ་ཐེ་ཚོམ་མེད༎(20)ཅེས་དང་། དེང་སྐབས་སྤྱི་ཚོགས་སྟེང་མིའི་བསམབློའི་ཁྱེར་སོ་ཞིག་དང་ཡང་ན་འཆར་ལྡན་བུ་སྐྱེས་ལྟར་བྱིས་པ་ཁེར་སྐྱེས་ཀྱི་སྲིད་ཁྲིམས་ལག་ཏུ་བསྟར་བའི་དུས་འདིར་རང་ཅག་བོད་པ་ཞིག་ལ་མཚོན་ན་འཇིག་རྟེན་ཁ་དཔེར། ཕོ་རྒོད་ཞིག་ལ་བུ་ཞིག་མེད་ན། བྱ་རྒོད་པོའི་གཤོག་ཡ་ཆད་འདྲ། ཞེས་ཕ་ཤུལ་བུ་འཛིན་གྱི་སྲོལ་རྒྱུན་རྙིང་བ་དང་མོ་དམན་ཕོ་མཆོག་གི་ལྟ་བ་དེ་ད་དུང་མཁྲེགས་འཛིན་བྱེད་ཞོར་ཁེར་སྐྱེས་ཀྱི་བྱིས་པ་དེ་བུ་རུ་འདོད་མཁན་ནི་མང་ཤོས་ཤིག་ཀྱང་བསྟན་ཡོད་པ་ནི། <<འདོད་བསྟན>>ལསའཁྲིག་ཐེངས་དང་པོའི་སྐབས་སུ་རང་བཞིན་གྱིས༎ཕོ་ཡི་རྒྱུད་ལ་འཁྲུག་པ་ཤུགས་ཆེ་བས༎ཁུ་བ་འབྱིན་ཚེ་ལིང་ག་ཕྱིར་ཕྱུངས་ཏེ༎ཐིག་ལེ་བྷ་གའི་ཕྱིར་རུ་བཏང་བར་བྱ༎གཉིས་པའི་སྐབས་སུ་བུད་མེད་ཆགས་འབར་བས༎ཐིག་ལེ་བྷ་གའི་ནང་དུ་གཏོར་བ་སྟེ།། ཐབས་ཚུལ་འདི་འདྲ་ཡིས་ཀྱང་མངལ་སྦྲུམ་ནས༎བུ་ཕོ་འབྱུང་ལ་ངེས་པར་ཕན་པ་ཉིད༎(21)ཅེས་དང་། སྤྱིར་བྱིས་པ་བུ་དང་བུ་མོ་གང་སྐྱེས་ཀྱང་ཁྱད་མེད་ལ་དེང་སྐབས་ལྷག་པར་དུ་རྒྱལ་ཁམས་བདེ་ཞིང་བཅོས་ཁྲིམས་ཡང་དག་དང་འདྲ་མཉམ་ཡིན་པའི་སྤྱི་ཚོགས་རྒན་མོ་གསེར་ཁུར་ལྟ་བུའི་དུས་འདིར་ཕོ་མཆོག་མོ་དམན་གྱི་ལྟ་མ་མེད་པར་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཐོབ་ཐང་ཐད་གོ་ལ་ཧྲིལ་བོའི་རྒྱལ་ཁབ་སོ་སོས་དོ་སྣང་གལ་ཆེན་བྱེད་བཞིན་ཡོད་པ་དང་། ཕ་མར་མཚོན་ནའང་བུ་ལས་བུ་མོས་ཁྱིམ་གྱི་ཙག་ཙིག་གི་བྱ་བ་དང་བཟའ་བཏུང་གཡོས་སྦྱོརསོགས་ལས་རོགས་གལ་ཆེན་ཐུབ་པ་དང་། ཕ་མ་དང་ཚེ་གྲོགས་བཟའ་ཟླ་སྡུག་པའི་སྐབས་ནད་་གཡོག་བྱེད་པའི་མ་མ་དང་སྐྱོ་བའི་སྐབས་སེམས་གསོ་གཏོང་བའི་སྙན་དངགས་མཁན་ལྟར་འཇིག་རྟེན་དྲིན་གྱིས་སྐྱོང་མཁན་དང་བདག་མོ་ཡིན་པ་ཡང་བསྟན་ཡོད་པ་ནི།<<འདོད་བསྟན>>ལསརང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་༎རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས༎ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་༎མེད་དུ་མི་རུང་བ་ནི་བུད་མེད་ཡིན༎སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་༎སྐྱོ་བའི་སེམས་གསོ་གཏོང་བའི་སྙན་དངགས་མཁན༎ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ༎ཚེ་གཅིག་རྩེ་དགས་སྐྱོངས་བའི་གྲོགས་མོ་ཉིད༎(22)ཅེས་དང་། དེ་བཞིན་ཆེ་བ་རྒྱལ་ཁབ་དང་མི་རིགས་ཤིག་གི་ལས་དོན་ལྟ་ཞོག་ཐ་ན་ཆུང་བ་དུད་ཁྱིམ་སྐྱོང་བ་ལ་ཡང་ཀྱིམ་གྱི་བདག་མོ་དེ་ཉིད་མེད་ན་ག་ལ་རུང་། དེ་བས་རང་གི་ལུས་སྐྲུན་གྱི་མ་དྲིན་མོ་ཆེ་དེ་མེད་ན་ག་ལ་རུང་བས་དོན་མེད་དུ་བུད་མེད་ལ་བརྙས་དམོད་དང་བཙོག་འཛེམ་བྱས་ན་ནི་དོན་དུ་རང་གི་མ་དྲིན་མོ་ཆེ་ལ་བརྙས་པ་དང་ཀུན་ནས་མཚུངས་པས་མ་བཙོག་པ་ལ་བུ་གཙང་མ་ཞིག་སྐྱེས་མི་སྲིད་པས་རང་ལ་བྱིས་པ་བུ་དང་བུ་མོ་གང་སྐྱེས་ཀྱང་ཁྱད་མེད་དུ་ཀུན་སློང་ཡག་ཤོས་ཤིག་འཛིན་དགོས་པའི་སྐོར་བསྟན་པའི་ཞོར་བྱིས་པ་བུ་མོར་འདོད་པ་རྣམས་ལ་ཐབས་ཚུལ་ཡག་ཤོས་ཤིག་ཀྱང་བསྟན་ཡོད་པ་སྟེ།<<འདོད་བསྟན>>ལསདེ་བཞིན་གལ་ཏེ་བུ་མོ་སྐྱེས་འདོད་ན༎ཕོ་ཡིས་མོ་ལ་ཆགས་པ་དྲག་པོ་བྱ༎བུད་མེད་རང་ཉིད་སྣང་མེད་ཚུལ་དུ་སྡོད༎དྲག་ལ་མང་བའི་ཁུ་བ་བཏང་བར་བྱ༎འདི་ནི་ཤིན་ཏུ་གནད་ཆེན་སྙིང་བོ་སྟེ༎ཕྲུ་གུ་ཕོ་མོ་གང་འགྱུར་འདི་ལ་རག༎བུད་མེད་ཆགས་པ་ཅན་ལ་བུ་མང་སྐྱེས༎སྐྱེས་པ་ཆགས་པ་ཅན་ལ་བུ་མོར་ངེས༎དེ་ཕྱིར་ཕོ་ཡི་ཆགས་པ་སྟོབས་ཆེ་ན༎བུ་ཕོ་འབྱུང་སྙམ་འདི་འདྲ་འཁྲུལ་བ་སྙམ༎(23)ཞེས་ཕོ་མོ་གཉིས་སྦྱོར་ཐད་ཀྱི་ཤེས་བྱ་གང་མང་ཞིག་སྦ་གསང་མེད་པར་མཁས་དབང་དགེ་ཆོས་མཆོག་གིས་ང་ཚོ་བོད་གཙོས་མིའི་རིགས་ལ་གོམས་སྲོལ་བཟང་བོ་དང་ལུགས་མཐུན་གྱིས་འདོད་པ་སྤྱོད་ཚུལ་སྐོར་མུ་ཏིག་སྟར་ལ་རྒྱུས་པ་ལྟར་ཁ་གསལ་གོ་བདེའི་ངང་ནས་དམར་རྗེན་དུ་གསུངས་ཡོད་པ་དེ་དག་ཕོ་མོ་ཉལ་བའི་སྐབས་སྣང་དོག་མེད་པར་ཉམས་སུ་མྱོང་བྱ་ཡིན་པ་བསྟན་ཡོད་ཀྱང་། ཕོ་མོ་གཉིས་སྦྱོར་སྐབས་ཕན་ཚུན་ལ་ཆགས་པ་དྲག་པོ་སྐྱེས་པའི་དབང་གིས་ཁ་ནས་ཅི་བཤད་འདི་ཤོར་མེད་པ། ལུས་ཀྱིས་འཁྱུད་སྟངས་དང་འོ་བྱ་བ། སོ་འདེབས་པ། སིད་སྒྲ་སྒྲོག་པ། འོག་འདེབས་ཀྱི་རྩལ་འདྲ་མིན་སྟོན་པ་ནི་ཆོས་ཉིད་ཡིན་པས་ཆ་དེ་གཞན་ལ་གསང་བར་བྱ་བ་ལས་ཁྲོམ་བསྒྲགས་མི་ཉན་པའི་སྐོར་ཡང་ཞོར་དུ་བསྟན་ཡོད་པ་སྟེ། <<འདོད་བསྟན>>ལསསྐྱེས་བུ་གསུམ་པས་མཐོང་དུ་མི་རུང་ཞིང་༎རྣ་བ་ལྔ་བས་ཐོས་སུ་མི་རུང་བའི་༎ཐུན་མོང་མ་ཡིན་གསང་བའི་འབྲེལ་བ་དག། འཇིག་རྟེན་ཁམས་ན་སྙིང་གྲོགས་མཆོག་ཏུ་འགྱུར༎(24)ཞེས་དང་། སྤྱིར་འདོད་པའི་བདེ་བ་ནི་འཇིག་རྟེན་པའི་ཕོ་མོ་གཉིས་ཀས་སྤྱི་མཐུན་དུ་འདོད་པའི་སེམས་ཀྱི་བདེ་སྐྱིད་ཅིག་ཡིན་ལ། བདེ་སྐྱིད་འཚོ་བར་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་ལུས་སེམས་ལ་བདེ་སྐྱིད་ཡོད་པའི་ངེས་པ་མེད་ལ། འཇིག་རྟེན་ཁ་དཔེར། སེམས་སྐྱིད་ན་སྤྲང་བོ་ཡིན་ཀྱང་སྐྱིད། སེམས་མ་སྐྱིད་ན་རྒྱལ་བོ་ཡིན་ཀྱང་མི་སྐྱིད།ཟེར་བ་ལྟར་གཙོ་བོ་བདེ་སྐྱིད་ནི་སེམས་སྐྱིད་པ་དེ་ཡིན་པས། ལས་སྙོན་གྱི་དབང་གིས་འཁོར་བར་འཁོར་བའི་འཇིག་རྟེན་པ་སྐྱེས་ཕོ་མོ་གང་ལ་མཚོན་ནའང་སྡུག་བསྔལ་མི་འདོད་པར་ཚང་མས་བདེ་ཞིང་སྐྱིད་པའི་འཚོ་བར་ལོངས་སྤྱོད་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཀའི་འདོད་པ་ཉག་གཅིག་ཡིན་ལ། གཉིས་སྦྱོར་ཡང་དེའི་གྲས་ཀྱི་བདེ་སྐྱིད་དང་འཆམ་མཐུན། ཞི་བདེའི་རྨང་གཞི་ཡིན་པས་འཇིག་རྟེན་པ་ཀུན་ཀྱང་དོན་དུ་འདི་ལ་དགའ་བར་ངེས་ཏེ་དགེ་ཆོས་ཀྱིས། སྤྲང་བོའི་མི་ཡིས་གསེར་ལ་སྣ་གཉེར་བྱེད༎ལྟོགས་པའི་མགྲོན་གྱིས་ཟས་ལ་མཆིལ་མ་འདེབས༎ཀུན་གྱི་ཁ་ནས་སྨོད་པ་འདི་ཡིན་ཀྱང་༎ནོར་དང་དབང་ཐང་བྲལ་བའི་ཕོ་མོ་ཡང་༎མལ་གྱི་ནང་ན་མཐོ་རིས་བདེ་བ་རྫོགས༎མགོ་བོ་དུང་ལས་དཀར་བའི་རྒད་པོ་ཡང་༎རྒན་མོའི་རུམ་ན་བརྗོད་མེད་དགའ་བ་མྱོང་༎(25)ཞེས་གསུངས་ཡོད་པ་ལྟར་ཚངས་སྤྱོད་གཉིས་སྦྱོར་གྱི་རིན་ཐང་དེ་མཁས་དབང་དགེ་ཆོས་མཆོག་གིས་སྦ་གསང་མེད་པར་བསྟན་པའི་ངོ་མཚར་རིག་གནས་འདི་བོད་མིའི་བསམ་བློ་བཅིངས་འགྲོལ་དང་གནས་ལུགས་མཐར་ཐུག་ཅིག་རྟོགས་ཆེད་གསུངས་ཡོད་པས། འུ་ཅག་གིས་ཀྱང་ཚངས་སྤྱོད་གཉིས་སྦྱོར་དེ་ཉིད་མི་གཙང་བ་དང་མི་མཛེས་པ་ཞིག་ཏུ་མི་བརྩི་བར་ཚུལ་མཐུན་གྱི་ངོ་མཚར་རིག་གནས་དེ་དང་དུ་ལེན་པར་རིགས་ཏེ། <<འདོད་བསྟན>>ལསའཁྲིག་པ་སྤངས་ན་མི་ཡི་འཇིག་རྟེན་ཁམས༎སྐད་ཅིག་ཙམ་ལ་ངེས་པར་སྟོང་འགྱུར་ཞིང་༎མི་ཡི་སེམས་ཅན་མེད་ན་དགེ་སློང་དང་༎སངས་རྒྱས་བསྟན་པ་དེ་ལས་ག་ལ་འོང་༎གལ་ཏེ་འཁྲིག་པའི་འབྲེལ་བས་མ་བསྡུས་ན༎ཕོ་མོའི་རིགས་ནི་འདི་ལྟར་ཐ་དད་པས༎འཇིག་རྟེན་ཁམས་སུ་སྡེ་གཉིས་ཆད་གྱུར་ཏེ༎རྟག་ཏུ་གཡུལ་དང་རྒོད་ཀྱིས་གནས་བར་ངེས༎(27)ཞེས་དང་། སྤྱིར་ན་གཉིས་སྦྱོར་གྱི་འདོད་སྤྱོད་ལ་མི་ཞེན་པ་དང་མི་དགའ་བའི་འཇིག་རྟེན་པ་ཪྙེད་དཀའ་ཡང་མཁས་དབང་དགེ་ཆོས་མཆོག་ཐུགས་རྒྱུད་དྲང་ཞིང་བདེན་དོན་སྨྲ་བར་སྤོབས་པ་ཆེས་བས་དྲན་དབང་ཁྲོད་ཀྱི་ཉི་མ་ལྟ་བུ་ཞིག་ཡིན་པས། ཁོང་གིས་འཇིག་རྟེན་མཐུན་སྣང་གི་ལྟ་བ་དང་སྤྱོད་པ་བཅས་གཏན་ལ་ཕབ་སྟེ་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དོན་རྟོགས་དཀའ་བ་གསང་སྔགས་དང་འབྲེལ་ཞིང་སླ་བ་ཁྱིམ་པ་ཕོ་མོའི་འཚོ་བ་སྟོན་པའི་རྨད་བྱུང་ངོ་མཚར་རིག་གནས་ཀྱི་བསྟན་བཅོས་འདི་འདྲ་ཞིག་མཛད་ཡོད་པ་ལ། འགའ་ཞིག་གིས་འདིའི་དོན་ནི་ཆགས་སྲེད་དང་ཚུལ་མིན། བཙོག་པ། མི་མཛེས་པ། གླེང་རིན་མེད་པ་ཞིག་གོ་སྙམ་ན་མ་ཡིན་ཏེ། གདོང་ཐོག་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས། དེའང་འདོད་པའི་བསྟན་བཅོས་འདི་དག་རང་བཞིན་ཁྱིམ་པ་ཐ་མལ་པར་འཁྲིག་ཐབས་སུ་མཁོ་བ་ཙམ་མ་ཡིན་པ། གནས་ལུགས་གཏན་ལ་དབབ་པའི་ཆེད་དང་། གསང་བ་སྔགས་ཀྱི་རྣལ་འབྱོར་ལའང་མཁོ་བའི་ཡན་ལག་ཡིན་པ་ནི། ཁོལ་དུ་བྱུང་མིན་གྱི་ཁྱད་ཙམ་ལས། བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་ཅི་རིགས་པར་གསལ་བས་སེར་སྐྱ་སུས་ཀྱང་བཪྙས་སྨོད་བྱ་མི་རུང་ཞིང་། གསུང་རབས་ཀྱི་གྲས་སུ་གུས་བཀུར་བྱ་དགོས་བ་ཡིན།(28)ཞེས་གསུངས་ཡོད་ཀྱང་། དེང་སྐབས་དཔེ་སྐྲུན་ཁང་སོགས་ནས<<འདོད་པའི་བསྟན་བཅོས>>དེ་དཔེ་རྟགས་ཡོད་པར་དཔར་སྐྲུན་མི་བྱེད་པར་སྔར་དཔར་ཟིན་པའི<<མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ>>ཕྱོགས་བསྒྲིགས་པོད་གསུམ་ཅན་སོགས་སུའང་འདོད་པའི་བསྟན་བཅོས་དེ་བཀོད་མེད་པ་དང་། དེང་སྐབས་སྤྱི་ཚོགས་སྟེང་ན་འདོད་པའི་བསྟན་བཅོས་དེ་ལྐོག་འཚོང་བྱེད་བཞིན་ཡོད་པ་དེ་ལྟས་ཚོད་ཀྱིས་རྒྱལ་ཁབ་ཀྱིས་བསྟན་བཅོས་དེ་པར་མི་ཆོག་པ་ཆགས་སྲེད་ཀྱི་གྲས་སུ་བགྲང་བའམ་ཡང་ན་རང་ཅག་མཁས་རློམ་པ་འགའ་རེས་འདོད་བསྟན་དུ་འཇིག་རྟེན་མཐུན་སྦྱོར་དང་ཕོ་མོའི་འཚོ་བའི་ཐད་ཀྱི་ཤེས་བྱ་སྨན་དང་མཚུངས་པ། ཚན་རིག་དང་མཐུན་པ། ཁྲིམས་ལུགས་དང་མཐུན་པ། སྲིད་ཅུས་དང་མཐུན་པ། བདེ་ཐང་དང་ཞི་བདེར་མཐུན་པ། ཡ་རབས་ཀྱི་ལུགས་དང་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་དང་མཐུན་པར་སྦྱར་ཏེ་བོད་དུ་སྔ་ན་མེད་པའི་རིག་གཞུང་ཞིག་གི་སྟོང་ཆ་བསྐངས་ཡོད་པ་དེ་མ་ཤེས་བ་དང་། ཡང་ན་ཞིབ་འཇུག་ཡང་དག་ཅིག་མ་བྱས་པའི་སྐྱོན་ཙམ་ལས་གཞན་མེད་པར་འདོད་པས་ཀུན་གྱིས་བློ་གཟུ་བོས་དཔྱད་པར་འཚལ་ལོ༎
མཆན་འགྲེལ།
1 2 3 5 7 8 9 10 11 12 13 14 15 17 18 19 20 21 22 23 24 25 26 27 <<འདོད་པའི་བསྟན་བཅོས >>
4<<གསོ་རིག་བརྒྱུད་བཞི>>བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།
16<<འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར>>
28<<དགེ་འདུན་ཆོས་འཕེལ་ལ་དཔྱད་པ་ཚངས་པའི་དྲངས་ཐིག>>སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1