ཞི་ཅིན་ཕིང་གིས་དབུ་ཚོགས་འདིར་བརྙན་ལམ་ཐོག་ནས་ཤིས་ཚིག་སྒྲོན་གནང་བ།

སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-04


ཟླ་9ཚེས་2ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་2023ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོང་འདུས་ཀྱི་གོ་ལ་ཧྲིལ་པོའི་ཞབས་ཞུ་ཉོ་ཚོང་དབུ་ཚོགས་ལ་བརྙན་ལམ་ཐོག་ནས་ཤིས་ཚིག་སྒྲོན་གནང་བ་རེད།

ཞི་ཅིན་ཕིང་གིས། དེང་སྐབས། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་སྒུལ་ཤུགས་འདང་གི་མེད། ཞབས་ཞུའི་ཉོ་ཚོང་ནི་རྒྱལ་སྤྱིའི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཞབས་ཞུའི་ལས་རིགས་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་དང་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རིམ་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བཞིན་པ། ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། མ་དཔེ་གསར་པ་བཅས་གཅིག་རྗེས་གཉིས་མཐུད་དུ་ཐོན་བཞིན་ཡོད་པས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་སླར་གསོ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྡེམ་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་45འཁོར་བའི་ལོ་ཡིན། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཁག་གི་སྒོ་དབྱེ་དང་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་གི་ཕྱོགས་ཁག་དང་མཉམ་དུ་ཞབས་ཞུ་སྒོ་དབྱེར་བརྟེན་ནས་ཁོང་ཡངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་མཉམ་ལས་ལ་བརྟེན་ནས་མཉམ་འགུལ་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། ཞབས་ཞུ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱེད་པ། ཞབས་ཞུ་མཉམ་སྤྱོད་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་སླར་གསོའི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་དེ་བས་སྒོ་དབྱེ་ཁོང་ཡངས་ཀྱི་འཕེལ་རྒྱས་ཁོར་ཡུག་གཏོད་རྒྱུ་ཡིན། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་བ་རྒྱ་སྐྱེད་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་དང་མ་འཇོག་གི་བཀག་རྒྱ་གསལ་ཐོའི་དབྱེན་འབྱེད་གྲོས་མོལ་ཧུར་ཐག་སྤེལ་བ། གློག་འཕྲིན་དང་། ཡུལ་སྐོར། བཅའ་ཁྲིམས། ལས་རིགས་རྒྱུགས་ལེན་སོགས་ཞབས་ཞུའི་ཁྱབ་ཁོངས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་རྒྱ་སྐྱེད་སྒོ་འབྱེད་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་དེ་བཞིན་ཆ་རྐྱེན་འཛོམས་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁ་བཅས་སུ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་སྔོན་ལ་སྦྲེལ་མཐུད་བྱ་རྒྱུ་ཡིན། ཞབས་ཞུའི་ལས་རིགས་ཚོང་རར་ཞུགས་འཐུས་པའི་ཚད་གཞི་ལྷུག་ཏུ་གཏོང་བ་དང་། རྒྱལ་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་སྒོ་འབྱེད་འཕེལ་རིམ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཞབས་ཞུའི་ཉོ་ཚོང་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ལམ་ལུགས་ཅན་དུ་འགྱུར་བའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ་བཅས་བྱ་རྒྱུ་ཡིན། ང་ཚོས་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་འབྲེལ་ཐག་དམ་དུ་གཏོང་རྒྱུ་ཡིན། རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་མཉམ་ལས་གྲོས་འགོ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་བར་གྱི་ཞབས་ཞུའི་ཉོ་ཚོང་དང་གྲངས་འཛིན་ཉོ་ཚོང་མཉམ་ལས་གཏིང་ཟབ་སྤེལ་བ། རིགས་ཁག་གི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་རྒྱལ་ཁོངས་ལས་བརྒལ་ནས་འཁོར་སྐྱོད་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་མཉམ་ལས་ཀྱི་འཕར་གཞི་སྔར་ལས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན། ང་ཚོས་གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཞབས་ཞུའི་ཉོ་ཚོང་གི་གྲངས་འཛིན་ཅན་གྱི་འགུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་སུ་གཏོང་བ་དང་། གྲངས་གཞིའི་རྨང་གཞིའི་ལམ་ལུགས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ཉོ་ཚོང་སྒྱུར་བཅོས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། རྒྱལ་ཡོངས་ཀྱི་དྲོད་ཁང་རླངས་གཟུགས་རང་མོས་ངང་བཙོག་འབུད་ཉུང་དུ་གཏོང་བའི་ཉོ་ཚོང་ཁྲོམ་ར་འཛུགས་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་ལྗང་མདོག་འཕེལ་རྒྱས་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞབས་ཞུའི་ཉོ་ཚོང་དང་དེང་རབས་ཞབས་ཞུའི་ལས་རིགས། རྩེར་སོན་བཟོ་སྐྲུན་ལས་རིགས། དེང་རབས་ཞིང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་མང་པོ་འདོན་རྒྱུ་ཡིན། ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་འབྲས་བུ་མཉམ་སྤྱོད་བྱ་རྒྱུ་ཡིན། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་པ་དང་། རྒྱལ་ནང་གི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རང་འགུལ་ངང་སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། ཤེས་ཡོན་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་མ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྲོམ་ར་ཆེན་པོའི་གོ་སྐབས་ཀྱིས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འདོན་སྤྲོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོར་ཀྲུང་གོའི་ཞབས་ཞུ་སྔར་ལས་མང་བ་དང་སྔར་བས་ལེགས་པ་འདོན་སྤྲོད་བྱས་ཏེ། འཛམ་གླིང་མི་དམངས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་མཐར། འཛམ་གླིང་གི་དཔལ་འབྱོར་སྒོ་འབྱེད་ན་དར་རྒྱས་ཡོང་ཐུབ་དང་། བཀག་སྡོམ་བྱས་ན་རྒུད་པར་འགྱུར་རྒྱུ་ཡིན། ང་ཚོས་ལས་སླ་པོར་ཐོབ་པ་མིན་པའི་རང་མོས་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་གི་སྒྲིག་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་ཐུན་མོང་ཐོག་ལོངས་སྤྱོད་བྱས་ནས། འཛམ་གླིང་གི་དེ་བས་མཛེས་སྡུག་ལྡན་ཞིང་དར་རྒྱས་ཆེ་བའི་འབྱུང་འགྱུར་གཏོད་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

2023ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོང་འདུས་དེ་ཟླ་9ཚེས་2ནས་ཚེས་6ཉིན་བར་པེ་ཅིང་དུ་འཚོགས་བཞིན་ཡོད་པ་དང་། དེའི་བརྗོད་བྱ་གཙོ་བོ་ནི“སྒོ་དབྱེས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་། མཉམ་ལས་བྱས་ནས་འབྱུང་འགྱུར་མཉམ་རྒྱལ་ཡོང་བ་བྱེད”ཅེས་པ་དེ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1