གཞིས་ཀ་རྩེས་ཐང་ག་རིང་མོ་འདི་འདྲ་ཞིག་བཞེངས་བཞིན་འདུག

ཀུན་བཟང་དབང་མོས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-12


བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་འགྲེམས་ཚོང་ལྟེ་གནས་ཀྱི་༼ སྨི་སྟོང་གི་ཐང་ག༽ཡི་ལོ་རྒྱུས་རིག་གནས་བར་ཁྱམས་སུ་ཡུལ་སྐོར་བ་མང་པོ་སླེབས་ཡོད་པ་རེད།

༼ སྨི་སྟོང་གི་ཐང་ག༽ཡི་སྤྱིའི་རིང་ཚད་ལ་སྨི་848.86དང་ཞེང་ཚད་ལ་སྨི་2.5ཡོད་ཅིང་། ཐང་ག་དེའི་ནང་བོད་ལྗོངས་གཞིས་རྩེའི་རང་བྱུང་ས་ཁམས་ཡུལ་ལྗོངས་དང་སྲོལ་རྒྱུན་ལོ་རྒྱུས་རིག་གནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སོགས་ཀྱི་ནང་དོན་མཚོན་པར་བྱས་ཡོད་ཅེས་གཞིས་རྩེ་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་འགྲེམས་ཚོང་ལྟེ་གནས་ཀྱི་ལས་དོན་མི་སྣ་རིན་ཆེན་སྒྲོལ་མས་ཅེས་གསུངས་ཤིང་། ཁོང་གིས་ཐང་ག་དེ་བཞེངས་པའི་བརྒྱུད་རིམ་རྙོག་འཛིང་ཆེན་པོ་ཡོད། སྤྱི་ལོ་2020ལོ་ནས་བཟུང་ཐོག་མར་བཞེངས་འགོ་བཙུགས་པ་དང་། གསར་བཞེངས་ལས་དོན་ནང་ས་གནས་འདི་གའི་རི་མོ་བ་རུ་ཁག་4དང་ཐང་ག་བཞེངས་མཁན་དགེ་སློབ་80ཞུགས་ཡོད། མིག་སྔའི་བར་སྨི་298ལེགས་གྲུབ་ཟིན་ཡོད་ཅེས་གསུངས།

འདི་ལོ་དགུང་ལོ་33ཡིན་པའི་མི་འགྱུར་ནི་༼ སྨི་སྟོང་གི་ཐང་ག་ ༽བཞེངས་མཁན་གྱི་གྲས་ཤིག་རེད། ཁོང་གིས། ཐོག་མར་བརྗོད་བྱར་གསར་པ་བྱས་པའི་ཐང་ག་བཞེངས་སྐབས་མི་འགའ་རེས་ང་ཚོས་སྲོལ་རྒྱུན་ལ་བརྩི་སྲུང་ཞུ་ཡི་མི་འདུག་ཞེས་བརྗོད་སྲིད་པ་ཞིག་རེད། འོན་ཀྱང་ང་ཚོས་བཞེངས་པའི་བརྗོད་བྱ་གསར་པའི་ཐང་ག་ལ་ཡུལ་སྐོར་བས་དགའ་པོ་བྱེད་པ་མ་ཟད། ས་གནས་འདི་གའི་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་འདུག ངའི་བསམ་པར་འདི་ནི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་ཞིག་རེད་སྙམ་ཞེས་གསུངས།

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐང་གའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་དང་། ཐང་གའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས། སྲོལ་རྒྱུན་གྱི་ཁྱད་ཆོས་མ་ཤོར་བ་དང་དུས་རབས་ཀྱི་བརྗོད་དོན་མཚོན་པ། གཟིགས་འབུལ་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། བསམ་བློའི་རང་བཞིན་བཅས་མཉམ་འདྲེས་ཀྱི་དུས་རབས་གསར་པའི་ཕུལ་བྱུང་ཐང་གའི་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱས་པས། སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་དེས་ད་དུང་གྲོང་ཁྱེར་དེ་ཡོངས་ཀྱི་ཐང་གའི་ཐོན་ལས་འཕེལ་རྒྱས་དང་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་པའི་གསོ་སྦྱོང་ལས་དོན་སྤེལ་ཞིང་། ཁྱོན་མི་185ཞུགས་ཡོད་པ།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ་ཐང་ག་བཞེངས་མཁན་མི་556ཡོད་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ཐང་གའི་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ཙམ་ཟིན་གྱི་ཡོད། གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། རིག་གནས་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས། གོམ་སྟབས་རྗེས་མར་ང་ཚོས་ཐང་ག་བཞེངས་མཁན་མུ་མཐུད་སྒྲིག་འཛུགས་བྱས་ནས་གཞིས་རྩེའི་བརྗོད་བྱ་གསར་པའི་ཐང་ག་བརྒྱ་གསར་རྩོམ་བྱ་རྒྱུ་དང་། དེར་བརྟེན་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་སྔར་ལས་ལྷག་པ་གཏོང་བ་དང་། གཞིས་རྩེའི་ཐང་གའི་སྒྱུ་རྩལ་གྱི་རྣམ་པ་བཟང་པོ་གཏོད་ནས། གཞིས་རྩེའི་སྒྱུ་རྩལ་པས་དོན་དངོས་བརྗོད་བྱར་བྱས་པའི་ཐང་ག་གསར་བཞེངས་ཀྱི་ཧུར་སེམས་སྐུལ་སློང་བྱ་རྒྱུ་ཡིན། ཆབས་ཅིོག་ང་ཚོས་བརྗོད་བྱ་གསར་པའི་ཐང་ག་འབྲི་བའི་ནང་དོན་གཞི་རྟེན་དུ་བྱས་ཐོག དེའི་ཁྲོད་ཀྱི་གཞི་རྒྱུ་གསར་སྤེལ་བྱས་ནས་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1