༄༅།།བློན་ཆེན་འདན་མ་བྱང་ཁྲས་བླངས་པའི་གླུ།།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 09-20


དེར་ཧོར་གྱི་དམག་སྒར་ནས་ལྟད་མོ་བ་གྲོག་ཚང་བརྡོལ་བ་ལྟར་འདུས་པ་དང་། འདན་མ་བྱང་ཁྲས་སྐད་ཐོས་ཙམ་ནས་རྟ་འདོ་བའི་སྟེང་ཡོབ་ལང་ཞིག་བྱས་ནས་ལུས་གཟུར་ཙམ་དང་བཅས་ཏེ། ན་རེ། ཧོར་རི་པའི་གཅེས་ཕྲུག་ཅོག་དམར་ཉོན། །ཕོ་བསོད་ཟད་ཁྱོད་ཀྱི་ལྟག་པའི་བདུད། །ང་བློན་ཆུང་འདན་མ་བྱང་ཁྲ་ཡོད། །ཉོན་དང་འདྲ་མ་ཚིག་གསུམ་བཤད། །ཟེར་ནས་གླུ་འདི་ལྟར་བླངས་པར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་རེད། །

   གླུ་ཨ་ལ་ལ་མོ་ཨ་ལ་རེད། །

   དཔའ་དགྲ་ལྷའི་ཁྲ་མཁར་གོང་མ་ནས། །

   དཔའ་སེང་དུང་གྲགས་མཐུ་རྩལ་ཅན། །

   དཔའ་ཨ་ནུའི་དབུ་འཕང་གྱེན་ལ་བསྟོད། །

   དགྲ་མ་ཐུབ་སྲོག་སྙིང་ལེན་རོགས་མཛོད། །

   མེ་རླུང་འཁྱིལ་བའི་ཁང་ནས། །

   བཙན་རྒོད་འབར་བ་གཉན་སྟག་ལྷ། །

   སྡང་དགྲ་བོའི་བླ་སྲོག་ཆམ་ལ་ཕོབས། །

   བློན་འདན་མའི་གླུ་ལ་རྒྱབ་རྟེན་མཛོད། །

   ས་འདིའི་ས་ངོ་མ་ཤེས་ན། །

   གླིང་གཡོན་སྲིབ་རྨ་ཆུའི་ཁུགས་སོ་རེད། །

   ཕོ་ང་འདྲ་ང་ངོ་མ་ཤེས་ན། །

   ལྷོ་འཛམ་གླིང་བོད་ཀྱི་གཞུང་ཤིང་ན། །

   མདའ་ཉག་ཕྲན་ཁ་ལོ་བསྒྱུར་མི་ལ། །

   དགུང་ཨ་སྔོན་འབྲུག་ལས་གྲགས་ཆེ་བ། །

   གླིང་སྐྱེན་པོ་འདན་མ་བྱང་ཁྲ་ཟེར། །

   ཨ་ནུ་ཡན་ལ་གཅིག་ཀྱང་མེད། །

   སྟོང་ཐུབ་འདན་མའི་ཚ་བོ་ཡིན། །

   ཁྲི་ཐུབ་འདན་མའི་སྲས་པོ་ཡིན། །

   ཕོ་རང་རྒོད་འབུམ་ཐུབ་བྱང་ཁྲ་ཡིན། །

   ལྷ་མེད་ཀྱང་གེ་སར་ཆོས་བློན་ཡིན། །

   རྩལ་མེད་ཀྱང་རྒྱ་ཚའི་དཔུང་ཡ་ཡིན། །

   ཚོ་མེད་ཀྱང་ཚ་ཞང་མགོ་རྫི་ཡིན། །

   གླུ་འདི་གླུ་ངོ་མ་ཤེས་ན། །

   དགྲ་ཕར་རྒྱག་སྲོག་སྙིང་ཟ་གླུ་ཡིན། །

   ནོམ་ཚུར་ལེན་བཀྲ་ཤིས་འཁྱིལ་གླུ་ཡིན། །

   ཧོར་རི་པའི་གཅེས་ཕྲུག་ཅོག་དམར་ཉོན། །

   སྤྱིར་ཧོར་སེར་ཁྱི་ནག་གུར་དཀར་འདི། །

   ལས་ཚོད་མེད་གླིང་ས་དམག་གིས་བཀང་། །

   ས་གཞུང་དྲུག་དུག་གི་རླངས་པས་ཁྱབ། །

   གླིང་ཕུ་ནུའི་སེམས་རྩ་ཁྲག་བཞིན་དཀྲུགས། །

   དཔོན་སྣང་ཆུང་གཡུ་སྒོང་བྲག་ལ་བརྡབས། །

   མ་བྱས་ལས་ལ་གཅིག་ཀྱང་མེད། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   ཁ་མངར་ལྐུགས་པའི་སེམས་ལ་གསལ། །

   བྱམས་སྡང་བྱིས་པའི་ཡིད་ལ་ཡོད། །

   དེ་སྟེ་གླིང་རུའི་དཔའ་བརྟུལ་འདི། །

   ཕོ་རྩ་ཤི་ཡེ་མེད་མ་བྱུང་བར། །

   ཆོས་གྲུ་བཞི་མི་གཏོང་ཐག་ཆོད་ཡིན། །

   ཧོར་ཤན་རྒོད་བརྒྱ་བརྒྱ་ལངས་པ་ན། །

   གླིང་ཕུ་ནུ་རེ་རེས་མི་སྡེབ་རི། །

   དཔའ་སྙིང་རྩལ་ཆེན་མང་ཉུང་མེད། །

   གདོང་འབུམ་པའི་རྒྱ་ཚ་ཁྲི་དཔོན་འདི། །

   ཧོར་སྤྱི་བདུད་ཐོག་དམར་འབབ་འབབ་ཡིན། །

   ང་བློན་ཆེན་འདན་མ་བྱང་ཁྲ་རང་། །

   ཧོར་ཤན་རྒོད་སྒེར་བདུད་བབས་ལེ་ཡིན། །

   བསྐོས་པའི་མི་དང་བཙུགས་པའི་ཤིང་། །

   ཕོ་བསྐོས་པའི་དཔའ་བོ་སྐྱེས་པ་འདྲ། །

   ཤིང་ལྕང་དཀར་བཙུགས་པ་འཕྱུར་བ་འདྲ། །

   དགུང་ཨ་སྔོན་ཉི་ཟླའི་སྲོག་ལེན་ལ། །

   དགྲ་གཟའ་རྒོད་མིན་པ་སུ་ཡང་མེད། །

   བདུད་ནག་པོ་འབུམ་གྱི་ཁ་གནོན་ལ། །

   གླིང་གེ་སར་མིན་པ་སུ་ཡང་མེད། །

   ལྕགས་ཁྲོ་ཆུ་ངར་མའི་སྲོག་གཅོད་ལ། །

   མགར་ཐོ་ཐོག་མིན་པ་སུ་ཡང་མེད། །

   དམའ་རྒྱ་མཚོའི་ཆུ་སྲིན་དབུགས་ལེན་ལ། །

   དུང་གཡས་འཁྱིལ་མིན་པ་སུ་ཡང་མེད། །

   ཧོར་ཨ་ཆེན་བུ་རྟའི་འཐབ་ཡ་ལ། །

   དཔའ་རྒྱ་ཚ་མིན་པ་སུ་ཡང་མེད། །

   ཧོར་ཤན་རྒོད་ཤ་གཟན་འཐབ་ཡ་ལ། །

   གླིང་དཔའ་བརྟུལ་མིན་པ་སུ་ཡང་མེད། །

   ཁྱོད་གཅེས་ཕྲུག་ཅོག་དམར་སྲོག་ལེན་ལ། །

   ང་འདན་མ་མིན་པ་སུ་ཡང་མེད། །

   ཁྱོད་ད་ཤོག་ཚིག་གི་སྟོང་གཏམ་དེ། །

   བདེན་ངེས་ཡིན་ནམ་ཀུ་རེ་ཡིན། །

   བདེན་ངེས་ན་གོ་བཙན་འདན་མས་འཛིན། །

   མཚོན་ངར་མའི་འདྲེན་སྔ་ཁྱོད་རང་གྱིས། །

   གཏམ་ཆེན་པོ་གྲོང་གསེབ་ར་རྫིས་བྱེད། །

   མི་ཆེ་ཀ་མེད་ཧམ་པ་ཆེ། །

   གླུ་སྙན་མོ་ལ་ཁའི་ལུག་རྫིས་ལེན། །

   མི་ལེན་ཀ་མེད་སེམས་རྩ་སྐྱོ། །

   ཟོལ་ཆེན་པོ་བུ་མོ་གོ་ནས་བྱེད། །

   མི་བྱེད་ཀ་མེད་སྣང་བ་མཐོ། །

   དཔའ་གཏམ་ཕོ་རྒོད་གསར་པས་བྱེད། །

   དེ་མི་བྱེད་ཀ་མེད་རང་སྣང་ཆེ། །

   མདའ་ཐོག་འདྲ་ཡོད་ན་ད་ལྟ་རྫོངས། །

   མདུང་སྐྱ་རིང་ཡོད་ན་ད་ལྟ་ཕུལ། །

   གྲི་རྣོན་པོ་ཡོད་ན་ད་ལྟ་གཡུག །

   དེ་མེད་ན་ད་ཤོག་ཅི་ལ་ཟེར། །

   གནའ་མི་བོད་ཀྱི་གཞུང་གཏམ་ལ། །

   གཏམ་ཁ་འབུད་མ་མང་རྫོང་གཅིག་ཡིན། །

   གྲི་ཤུབས་ལས་མ་འདོན་རྫོང་གཅིག་ཡིན། །

   ཤེས་དཔུང་པ་མ་ངོམ་རྫོང་གཅིག་ཡིན། །

   དེ་ཨེ་གོ་གཅེས་ཕྲུག་ཅོག་དམར་པོ། །

   གཏམ་བཏང་ན་རྡོ་ཁ་འགྲིལ་ལེ་དགོས། །

   གྲི་བཏོན་ནས་རྒྱག་ཐག་ཆོད་ལེ་དགོས། །

   ཤེད་ངོམ་ན་རྟགས་མཚན་ཐོན་ལེ་དགོས། །

   དེ་མིན་པ་སྟོང་གཏམ་བཤད་བཤད་རེད། །

   མདའ་མཐེབ་ཚོད་ཟིན་ན་སྐྱེན་པོ་ཡིན། །

   གཏམ་ལྕེ་རྩེ་བཟུང་ན་མཁས་པ་ཡིན། །

   དཔའ་ལག་གིས་བླངས་ན་རྒོད་པོ་ཟེར། །

   དེ་མིན་པ་སྟོང་གཏམ་བཤད་བཤད་རེད། །

   ལ་ཆེན་ཧོར་སེར་དཔོན་བློན་རྣམས། །

   རྩལ་མེད་ཐུར་གྱི་རྟ་རྒྱུག་འདི། །

   མགོ་ཆག་རང་གིས་ཉོས་ལེ་རེད། །

   ཕོ་ཤེས་མེད་གྲལ་མགོ་འགྲིམ་ལེ་དེ། །

   ངོ་ཚ་རང་གིས་ཉོ་ལེ་རེད། །

   ཤེད་མེད་དཔུང་པ་ངོམ་ལེ་འདི། །

   རྨ་འབེབས་རིན་གྱིས་ཉོས་པ་རེད། །

   སྙིང་མེད་གྲི་རིང་འཕྲེད་གཟེར་དེ། །

   འགྲམ་ལྕག་རིན་གྱིས་ཉོ་ངེས་རེད། །

   རྩལ་མེད་དམག་གི་ཆས་ཆས་འདི། །

   ཕམ་ཁ་རང་གིས་ཉོ་བ་ཡིན། །

   ཉོ་ཐག་ཆོད་ཧོར་སེར་དམར་ནག་རྣམས། །

   དཔའ་གཏམ་སྔོན་མ་གཅེས་ཕྲུག་ཡིན། །

   མཚོན་སྔོན་མོའི་འདྲེན་སྔ་ཁྱོད་རང་གྱིས། །

   གོ་བཙན་པོས་གཟུར་སྡོད་ང་ཡིས་བྱེད། །

   ལག་ལེན་རྒྱབ་འགེལ་ང་ལ་ཡོད། །

   མདའ་ཉག་ཕྲན་ཨེ་འཕེན་ང་རང་ཤེས། །

   གོ་བཙན་པོ་ཡོད་ན་ཁྱོད་རང་ཟུངས། །

   ཁྱོད་དང་འུ་གུ་གཉིས་པོ་འདི། །

   གོམ་གསུམ་ཕར་ལ་འབྲོ་ས་མེད། །

   བར་བ་བསེར་མ་རླུང་ལས་མེད། །

   ཁྲག་འཐུང་དོག་མོ་ས་ལས་མེད། །

   ལྟ་མཁན་ཨ་སྔོན་དགུང་ལས་མེད། །

   ངས་དོ་ནུབ་ཉི་མའི་ཕྱི་དྲོ་ལ། །

   བཙན་བྲག་དམར་ཐོག་གིས་གཏོར་འདྲ་གཅིག །

   ཁྱོད་འཕྲུ་ལྗང་ཅན་ལ་མ་ཐུབ་ན། །

   གླིང་དཀར་པོའི་ཕོ་ལྷ་གཉན་པོ་དཔང་། །

   ཁྱོད་གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   ཧོར་གཅེས་ཕྲུག་ཡིད་ལ་དེ་ལྟར་ཞོག །

   ཅེས་ཟེར་བ་དང་། གོ་བཙན་བཟུང་ནས་བསྡད་པར། གཅེས་ཕྲུག་ན་རེ། ཡ་ཡ། ཁྱོད་ཚེ་ཟད་དེ་རིང་རྒྱན་ལ་བབ། །ཚེ་ཡང་ཟད་ཨ་ཕོ་ང་དང་ཐུག །ས་སྟེང་གི་འདུག་རེས་དེ་རིང་འཁོར། །མདའ་ཉག་ཕྲན་གྱི་རྩེ་ལ་མི་སྐྱོན་རི། །ཟེར་ནས། མདའ་གཉིས་གསུམ་བསྟུད་ནས་འཕངས་བྱུང་བར་སྔོན་མས་དར་འཕྲུ་ལིངས་སེ་བཅད། བར་མས་སྒའི་སྔ་རུ་ལ་བརྒྱབ། རྗེས་མས་རྟ་ཡི་གདོང་ལྕགས་ཐོག་ལ་ཕོག་པས་གློ་མཆོང་ཞིག་བརྒྱབ་སྟེ་འདུག་པ། དེར་འདན་མ་ཐུགས་ཁྲོས་ནས། མདའ་རྒོད་སྒྲོ་མ་གཅིག་བརྒྱབ་པས། གཅེས་ཕྲུག་གི་བྲང་དཀྱིལ་ནས་རྒྱབ་ཏུ་སྐྱ་རྒྱང་ངེར་སོང་། ཡང་གླག་སྒྲོ་མ་གཅིག་རྒྱབ་པར། རྟའི་དང་ཁར་ཕོག་ནས་མི་རྟ་གཉིས་ཀ་ཐལ་ཚུབ་ལིང་ངེར་འགྱེལ་ལོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1