སྡེ་དགེ་རྫོང་གི་རིག་གཏོད་ཉོ་ཚོང་འདུ་ཚོགས་སྐབས་གཉིས་པ་གྲོལ་བ།

ལྷ་མཚོས་བྲིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-20


ཉེ་ཆར། མི་རིགས་རིག་གནས་མཉམ་དུ་རོལ། དམངས་ཁྲོད་རིག་གཏོད་མཉམ་དུ་སྤེལ་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྡེ་དགེ་རྫོང་གི་རིག་གནས་གསར་གཏོད་ཉོ་ཚོང་རྒྱས་ཚོགས་སྐབས་གཉིས་པ་རྒྱལ་ཁའི་ངང་མཇུག་གྲོལ་བ། ཚོང་པ་༡༠༠ཙམ་འགྲེམས་སྟོན་ནང་ཞུགས་པ། ཉོ་ཚོང་བྱེད་གྲངས་དེ་ཁྲི་༢༠༠༠ལས་བརྒལ་བས་ད་ཐེངས་ཀྱི་འདུ་ཚོགས་གཟབ་རྒྱས་ལ་ལེགས་འགྲུབ་བྱུང་བ། སྡེ་དགེའི་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་འོད་སྟོང་འཕྲོ་རུ་འཇུག་པར་མ་ཟད། ད་རུང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཕྱི་ལ་ཐོན་པ་རེད། མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པ་དང་། ཚོང་ལས་དེ་དང་འདྲ་བའི་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ།

འདི་ལོ་ནས་བཟུང་། སྡེ་དགེ་རྫོང་སྲིད་གྲོས་ཀྱིས་ཞིང་ཆེན་སྲིད་གྲོས་དང་མཉམ་དུ་དེང་རབས་ཅན་གྱི་སི་ཁྲོན་མཉམ་སྐྲུན་བྱ་བའི་ཆེད་དོན་བྱེད་སྒོ་དང་དེ་བཞིན་ཁུལ་སྲིད་གྲོས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ལག་ལེན་གྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱར་དམ་པོར་དམིགས་ཏེ། སྡེ་དགེ་རྫོང་གི་རིག་གཏོད་ཚོགས་ཆེན་སྐབས་དང་པོའི་ལེགས་འགྲུབ་ཐོབ་པའི་རྨང་གཞིའི་ཐོག །མུ་མཐུད་ནས་ཤེས་ལྡན་པ་མང་བ་དང་། རིག་སྟོབས་འདུས་ཆེ་བ། འབྲེལ་བ་རྒྱ་ཁྱབ་ཆེ་བ་བཅས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། སྡེ་དགེ་རྫོང་རིག་གནས་གསར་གཏོད་ཉོ་ཚོང་གི་ཚོགས་འདུ་གཟབ་རྒྱས་ངང་ཐེངས་གཉིས་པའི་གྲ་སྒྲིག་ལེགས་འགྲུབ་བྱུང་བས། དེའི་རིང་ཀརྨ་སྒར་བྲིས་ཀྱི་གསེར་གྱི་ལྡེ་མིག་གི་བུམ་པ་རྟགས་མ་ཞེས་པའི་ཐང་གའི་འགྲེམས་སྟོན་དང་། གླུ་གར་རིག་རྩལ་མཉམ་འཛོམས་འཁྲབ་སྟོན། མེ་ཕུང་དགོང་ཚོགས་སོགས་བྱེད་སྒོ་དང་གཞན་ཡང་འགྲེམས་ཚོགས་ནང་ཞུགས་པའི་ལྕགས་རིགས་རྡུང་བཟོ་དང་མི་རིགས་གྱོན་ཆས། གཟི། སྤོས་ཤེལ། བོད་གྲི། བོད་སྤོས། བོད་གྲུམ། དངུལ་ཆས། ཟངས་ཆས་སོགས་འགྲེམས་རྫས་དེས་སྡེ་དགེ་རྫོང་གིས་རིག་གནས་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་ཀྱི་བཀྲག་མདངས་འཚེར་ས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པས། རྫོང་ཕྱི་ནང་གི་མང་ཚོགས་ཀྱི་དོ་ཁུར་དང་དེའི་ནང་ཞུགས་ཡོད་པ་རེད།

ཁྲོམ་བཀྱག་ཅིག་གི་འགྲམ་དུ་རྒྱན་ཆ་ཉོ་མཁན་བཀྲ་ཤིས་ཚེ་རིང་གིས་ལག་ཤེས་རྐྱང་པ་བཟོས་པའི་གའུ་འདིའི་ཁྲ་རི་མོ་ཧ་ཅང་མཛེས་པོ་ཞིག་རེད། རྗེས་སུ་བྱེད་སྒོར་ཞུགས་སྐབས་ངས་བོད་ཆས་ཀྱི་རྒྱན་སྤྲོས་བྱེད་དགོས་ཞེས་མྱོང་ཚོར་ཟབ་མོའི་ངང་བཤད་པ། སྡེ་དགེ་ལྕང་ར་ནས་ཡོང་བའི་འགྲེམས་ཞུགས་ཚོང་པ་ཀརྨ་ཚུལ་ཁྲིམས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་ཐོག་ནས་ཏང་ཨུ་དང་སྲིད་གཞུང་གིས་སྡེ་དགེ་རིག་གནས་ལ་མཐོང་ཆེན་དང་སྡེ་དགེ་མི་དམངས་ལ་ཐུགས་ཁུར་གནང་ལུགས་མཚོན་པ་དང་། ཚང་མས་ཁྱིམ་སྒོ་རུ་ཕུན་སུམ་ཚོགས་པའི་རིག་གནས་གསོལ་སྟོན་མྱོང་རོལ་བྱེད་ཐུབ་པ་རེད་ཞེས་བཤད།

རྫོང་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན་ཡིན་པའི་ཆ་ནས། ཐེངས་འདིའི་རིག་གཏོད་ཉོ་ཚོང་རྒྱས་ཚོགས་ལ་བྱས་རྗེས་འཇོག་ཐུབ་ཞིང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྡེ་དགེ་རིག་གནས་དེ་གསར་གཏོད་ཁྲོད་རྒྱུན་འཛིན་དང་འཕེལ་རྒྱས་བྱུང་བས།  མི་དེ་བས་མང་བ་ཞིག་ལ་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་དང་། ང་ལ་གཟི་བསོད་ལྡན་པའི་སྣང་བ་ཞིག་བྱུང་ཞེས་བཀྲ་ཤིས་མགོན་པོས་དེ་ལྟར་གསུངས་པར་མ་ཟད། ད་དུང་སླར་ཡང་མ་དངུལ་སྒོར་ས་ཡ་༡བཏང་ནས། རང་ཉིད་དངོས་སུ་སྒྲིག་འཛུགས་ནང་ཞུགས་ཏེ། སྒྲུབ་འགན་ཁུར་རྒྱུ་སོགས་ཀྱི་ལས་དོན་སྤེལ་ནས། སྡེ་དགེ་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཨུ་ཡོན་གྱི་ཉམས་འགྱུར་མངོན་ཡོད་པ་རེད།

རྫོང་སྲིད་གྲོས་ཀྲུའུ་ཞིའམ་ཏང་ཙུའུ་ཧྲུའུ་ཅི་ཐུབ་བསྟན་ནམ་མཁས་མཇུག་གྲོལ་བའི་ཤིས་ཚིག་བརྗོད་སྐབས་ཐེངས་འདིའི་རྒྱས་འཛོམས་འདུ་ཚོགས་སུ་ཐང་གའི་རི་མོའི་འགྲེམས་སྟོན་དང་། རིག་གཏོད་ཐོན་རྫས་འགྲེམས་སྟོན། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རྒྱུད་མང་ཚོགས་ལ་ཧ་ཅང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་རིག་གནས་གསོལ་སྟོན་ཆེན་པོ་ཞིག་བཤམས་ཡོད་པ་དང་། རྒྱ་ཆེ་བའི་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་དང་མང་ཚོགས་ཀྱི་ཚད་མཐོ་བའི་བསྔགས་བརྗོད་ཐོབ་པ། ང་ཧ་ཅང་དགའ་པོ་བྱུང་། རྗེས་མ་ང་ཚོའི་རྫོང་སྲིད་གྲོས་ཀྱིས་སྔར་རྒྱུན་བཞིན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག་དང་། ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་ཁྲིད་སྟོན་འོག །རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དང་། རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་ཞིང་། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བཅས་བྱེད་ནས་རང་རྫོང་ལ་དཔལ་འབྱོར་བརྩོན་ལེན་དང་འཛུགས་སྐྲུན་བྱེད་དེ། རིག་གནས་ཀྱི་རྫོང་སྟོབས་འཕེལ་བ་དང་གྲགས་ཅན་ཡུལ་སྐོར་བྱ་ཡུལ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་པ་བྱེད་དགོས་ཞེས་གསུངས།

མཇུག་འགྲིལ་བའི་དགོང་མོ། སྡེ་དགེ་རྫོང་དམངས་ཁྲོད་རིག་གནས་གསར་གཏོད་ཉོ་ཚོང་འདུ་ཚོགས་གཟབ་རྒྱས་ངང་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ད་དུང་སྡེ་དགེ་རིག་རྩལ་རིག་གནས་བྱ་གཞག་ལ་བརྩེ་སེམས་བཅངས་ནས་ལེགས་སྐྱེས་འབུལ་མཁན་གྱི་སྔོན་ཐོན་རིག་རྩལ་ལས་དོན་པ་དང་། ཕུལ་བྱུང་དམངས་ཁྲོད་རིག་གནས་ཚོགས་པ། སྐབས་གཉིས་པའི་ཀརྨ་སྒར་བྲིས་ལུགས་ཀྱི་གསེར་གྱི་ལྡེ་མིག་གི་བུམ་པ་རྟགས་མ་ཞེས་པའི་ཐང་གའི་འགྲན་བསྡུར་ཆེན་མོའི་བྱ་དགའ་ཐོབ་མཁན་བཅས་ལ་གཟེངས་བསྟོད་བྱས་པ།

ད་ཐེངས་ཀྱི་རྒྱས་འཛོམས་ལ་དོ་ཁུར་དེ་བས་བྱེད་ཆེད། སྡེ་དགེ་རྫོང་གིས་ད་དུང་དྲ་ཐོག་དང་ས་ཡུལ་དངོས་ཟུང་འབྲེལ་གྱིས་ཐད་གཏོང་གི་རྣམ་པའི་ཐོག་ནས་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གཏོང་སྤེལ་བྱས་པ་དང་། ཟླ་བ་༩པའི་ཚེས་༩ཉིན་གྱི་ཆུ་ཚོད་༡༧དང་སྐར་མ་༢༥བར། ཐད་གཏོང་སྟེགས་བུ་ཁག་ལ་བསྔགས་བརྗོད་བྱེད་ཐེངས་ས་ཡ་༡དང་འབུམ་༥ལྷག་ཟིན་ཡོད་པ་རེད། ཟླ་བ་༩པའི་ཚེས་༢༥ཉིན་ལ། རྫོང་སྲིད་གྲོས་ཀྱི་མུ་མཐུད་སྣེ་ཁྲིད་དེ་ཁྲེང་ཏུའུ་རུ་རྒྱལ་ཁབ་གསུམ་གྱི་སྒྲུང་གི་ཐང་ག་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1