༄༅།། ཕ་བུ་གཉིས་དང་ཁོ་གཉིས་ཀྱི་ཆུང་མ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 09-28


 ནམ་གུང་དེར་ཐམས་ཅད་གཉིད་དུ་ཡུར་ཡོད་ཅིང་། ཀུན་གྱིས་དགའ་སྐྱོ་ཆགས་སྡང་གི་རྨི་ལམ་སྣ་ཚོགས་རྨི་བཞིན་འདུག ཚེ་བྷ་སྟོན་ཐོག་ཅིག་ལ་སོང་ནས་ཇ་མང་པོ་མཆོད་པས། ཡུད་ཙམ་ན་གཅིན་པ་གཏང་རྒྱུ་ཡོང་ནས་བསྲན་མི་ཐུབ་པར་གྱུར་ཅིང་། མི་མང་གི་གྲལ་བར་གཤགས་ནས་སྒོ་ཁར་བུད་དེ་ཕར་ཁའི་གད་རྩ་དེ་རུ་གཅིན་པ་ཞིག་ཤག་སེ་བཏང་།དེའི་མུར་ཁོའི་རྣ་ལམ་དུ་འབྲུག་སྒྲ་ཞིག་གྲགས་པ་དང་ཆབས་ཅིག་གདོང་ལ་ཐོག་ཚ་བེར་བ་ཞིག་ཕོག་པས། ཁོ་དངངས་སྐྲག་དང་བཅས་གཉིད་ལས་སད་དུས། ཁོང་གི་ཨ་ཕ་བློ་རྒྱམ་གྱིས་གདོང་གཤིན་རྗེ་ལྟར་གནག མིག་གློག་དམར་ལྟར་འཁྱུག་བཞིན་ཁོ་ལ་གཅར་རྡུང་བྱས། བྱམས་སེམས་ཅན་གྱི་ཨ་མས་ཚེ་བྷ་འགེབ་བཞིན་ཨ་ཕ་ལ་ཞུ་བ་བྱས་མོད། བློ་རྒྱམ་གྱིས་ཕར་སོང་འདྲེ་རྒན་མ།ཁྱོད་ཀྱིས་འདི་ལྟར་གཅེས་ལང་ལ་བཏང་བའི་རྐྱེན་གྱིས། ཁྱི་ཕྲུག་འདིས་ཁྱིམ་མལ་ས་དྲོན་མོ་གཅོད་ཁང་དང་།ང་དྲིན་ཆེན་ཕ་ལོ་ཁྱི་རྒན་གྱི་ས་ལ་བཞག་པ་མ་རེད་དམ ཟེར་བཞིན་མུ་མཐུད་གཅར་རྩིས་བྱས་པ་ན། ཨ་མས་བུ་ཆུང་ཚེ་བྷ་བྱ་མས་བྱ་ཕྲུག་འགེབས་པ་བཞིན་རང་གི་རུམ་ལ་བཅུག་ནས་བསྡད་པས། བློ་རྒྱམ་གྱི་ཁོང་ཁྲོ་མེ་ཐོག་ལ་སྣུམ་བླུགས་པ་ལྟར་ཇེ་ཆེར་སོང་ནས་མ་བུ་གཉིས་ཀ་ཉོག་ཉོག་ལ་བཏང་། ཡིན་ནའང་མ་བུ་གཉིས་ཀྱིས་ལས་དབང་ལ་མགོ་སྒུར་ནས་མཆི་མ་འདོན་བཞིན་ནམ་སློང་ཐབས་བྱས།    ལོ་ངོ་ཉི་ཤུའི་རྗེས་ཀྱི་ཉིན་ཞིག་ལ། རོང་བོ་གྲོང་བརྡལ་གྱི་རེབ་གོང་ཁྱིམ་གཞིས་ཐོག་ཁང་གཉིས་པའི་ཁང་མིག་བཞི་བར་ཉེན་རྟོགས་པ་སྐོར་ཞིག་ཐོན་ནས་ལོ་ཉེར་བདུན་ཅན་གྱི་གསར་བུ་ཞིག་བཟུང་ནས་བུད་སོང་། ཉེ་འཁོར་གྱི་མི་དག་གིས་སྐད་ཆ་ཤབ་ཤུབ་སྨྲ་བ་ལས་ཚེ་བྷ། ཚེ་བྷ། ཞེས་བའི་ཐ་སྙད་གཉིས་གསལ་པོར་ཐོས་ཐུབ།   མ་གཞིར་ཚེ་བྷས་རང་གི་ཆུང་མ་གསར་བུ་ཞིག་ལ་ལྐོག་འབྲེལ་ཡོད་པའི་གཏམ་ཐོས་རྗེས་ཆུང་མར་དྲིས་པ་ན། ཁ་དཔེར།  བདག་ལས་གཡོག་པོ་བཙན་ཟེར་བ་ལྟར། ཆུང་མས་སྐྱོན་དེ་འདྲ་ཞིག་ཁས་ལེན་རྒྱུ་ལྟ་ཅི། ཕྱིར་ཚེ་བྷས་ཁོ་མོའི་ལྷད་མེད་ཀྱི་སྤྱོད་པར་དམའ་འབེབ་བྱས་ལུགས་སོགས་ཀྱི་སྨྲེ་ངག་ཆོ་ངེ་རྣ་བ་འགད་ལ་ཁད་ཅིག་བཏོན་པས། ཚེ་བྷའང་ཁོང་ཁྲོས་བསྐུལ་བ་ལ་བརྟེན་ནས་ཆུང་མ་ལ་འགྲམ་ལྕག་ཚ་བེར་བ་ཞིག་ཕྱིན་པས། ཆུང་མ་ཧ་ལས་ཤིང་ཧང་སངས་ནས་གནམ་རྒན་མ། ཁྱོད་ཀྱིས། ཁྱོད་ཀྱིས་ང་ལ་གཅར་ཡང་ཕོད་དམ་ཟེར་བཞིན་ཉེན་རྟོག་ཁང་གི་ཕྱོགས་སུ་ཤར་སེ་རྒྱུགས་པའི་རྗེས་ལ། ཚེ་བྷ་བཟུང་བའི་དོན་དག་དེ་བྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1