མཁྱེན་ལི་ལི་མ་བླུག་བཟོ་ལག་རྩལ་པ་བུ་ཚེ་རིང་གི་གཏམ་རྒྱུད།

སྒྲིག་སྒྱུར། བདེ་གཡང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-28


བུ་ཚེ་རིང་། བོད་རིགས། སི་ཁྲོན་སྡེ་དགེའི་མི། མཁྱེན་ལི་ལི་མ་བླུག་བཟོ་ལག་རྩལ་གྱི་རྒྱུད་འཛིན་པ་མི་རབས་བདུན་པ། དཀར་མཛེས་ཁུལ་(གྲོང་ཁྱེར)རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་ཞིང་། ད་ལྟ་སྡེ་དགེ་རྫོང་རྫོང་སར་ཉི་ཟླ་སྒྱུ་རྩལ་རིག་གནས་ཚད་ཡོད་འགན་འཁྲི་ཀུང་སི་(མཁྱེན་ལི)ཡི་མཉམ་འབྲེལ་གསར་གཏོད་པ་དང་ཇུས་འགོད་སྤྱི་ཁྱབ་ལྟ་ཞིབ་པ་ཡིན།

1992ལོར་བུ་ཚེ་རིང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་སྨན་ཤོད་ཁུལ་ཕུར་མ་ཤང་འཛམ་མདའ་གྲོང་ཚོར་འཁྲུངས་ཞིང་། ལོ་ན་ཕྲ་བའི་སྐབས་སུ་ཁོང་གིས་ཕ་ཡི་དྲུང་ནས་མཁྱེན་ལི་ལི་མ་བླུག་བཟོའི་ལག་རྩལ་སློབ་སྦྱོང་ནན་ཏན་བྱས་པ་དང་། ཕ་མེས་ཀྱི་སྐབས་ནས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་མཁྱེན་ལི་ལི་མའི་བླུག་བཟོའི་བཟོ་ཁང་ནང་ཞུགས་པ་རེད། ཁོང་ཉིད་དགུང་ལོ་25ལ་སླེབས་སྐབས་དངོས་སུ་མཁྱེན་ལི་རྟགས་ཅན་གྱི་ཐོན་རྫས་དངོས་སུ་ཇུས་འགོད་བྱས་ནས་ཁྲོམ་རར་བཏོན་པ་དང་། དེའི་ཕྱི་ལོར་ཁོང་བོད་རིགས་ཀྱི་ལྕགས་རིགས་རྡུང་བཟོའི་ལག་རྩལ་ལས་མཁྱེན་ལི་ལི་མ་བླུག་བཟོའི་ལག་རྩལ་གྱི་ཁུལ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་བདམས་ཐོན་བྱུང་ཡོད།

ཀྲུང་གོའི་སྲོལ་རྒྱུན་གྱི་བོད་རིགས་ལག་ཤེས་བཟོ་རྩལ་ལས་ལི་མ་བླུག་བཟོའི་ལག་རྩལ་གྱི་དུས་རབས་གསར་པའི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། བུ་ཚེ་རིང་གིས་དཀའ་སྤྱད་འབད་འཐབ་ཀྱིས་ལག་རྩལ་གྱི་སྙིང་བཅུད་དག་རྒྱུན་འཛིན་ཆ་ལག་ཆ་ཚང་བྱས་ཡོད། ལོ་20ལྷག་ཙམ་གྱི་རིང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་ལག་ལེན་ཡང་ཡང་བྱས་པའི་ཁྲོད། ཁོང་གིས་ལི་མ་བླུག་བཟོའི་ལག་རྩལ་གྱི་ལྷུ་ཚིགས་རེ་རེ་དང་ལག་རྩལ་གྱི་སྙིང་བཅུད་དག་ཁོང་དུ་ཆུད་པར་བྱས་ཡོད། ཆབས་ཅིག་ཁོང་གིས་དུས་རབས་གསར་པ་དང་ཁྲོམ་ར་ཆེན་མོར་ཁ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ། ལི་མ་བླུག་བཟོ་ལག་རྩལ་གྱི་བརྩམས་ཆོས་དེ་སྲོལ་རྒྱུན་གྱི་སྐུ་བརྙན་བཟོ་བ་ནས་ས་གནས་ཁག་གི་དམངས་སྲོལ་སྲོལ་རྒྱུན་དང་དམངས་ཁྲོད་གཏམ་རྒྱུད་དེ་བཞིན་རིག་གནས་ཀྱི་རྨང་གཞིར་བྱས་པའི་རིག་གཏོད་བརྩམས་ཆོས་རབ་དང་རིམ་པ་གསར་དུ་བཟོ་རྒྱུར་ཁ་ཕྱོགས་ཏེ། གནའ་བོའི་ལི་མ་དག་དེང་རབས་ཀྱི་དར་སྲོལ་ཐོན་རྫས་སུ་བསྒྱུར་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་ཞུགས་ཐུབ་པར་བྱས་ཡོད།

བུ་ཚེ་རིང་གིས་བློ་ཁོག་ཆེན་པོས་འཆིང་རྒྱ་ཁག་ལས་གྲོལ་བར་བྱས་ཐོག རྒྱུན་འཛིན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་བཏང་ནས་ཁྱིམ་ཚང་གི་བཟོ་ཁང་དེ་དེང་རབས་ཀུང་སིར་བསྒྱུར་བ་རེད་། 2013ལོར་ཁོང་གི་གཅེན་མོ་ཟླ་བ་སྒྲོལ་མ་ཨ་རིའི་སློབ་ཆེན་དུ་རྒྱུགས་འཕྲོད་པ་མ་ཟད། མཐར་ཁྲོམ་རའི་ཚོང་གཉེར་དང་ཁེ་ལས་དོ་དམ་གྱི་ཆེད་ལས་གཉིས་ཀྱི་སློབ་གནས་ཐོབ་རྗེས་ཕ་ཡུལ་དུ་ལོག་ནས་མིང་སྲིང་གཉིས་ཀྱིས་མཉམ་དུ་མཁྱེན་ལིའི་སྤུས་རྟགས་བཏོད་པ་རེད།

སྲིད་གཞུང་གི་རོགས་སྐྱོར་དང་ཁོང་ཚོ་རང་ཉིད་ཀྱིས་འབད་བརྩོན་བྱས་མཐར། མཁྱེན་ལིའི་དྲ་ཐོག་ཚོང་ཁང་དང་མི་སྒེར་གྱི་སྨྱན་སྦྱོར། དྲ་ཚིགས། དེ་བཞིན་མཁྱེན་ལིའི་བཟོ་ཁང་དང་མཁྱེན་ལིའི་ཁྱིམ་ཚང་མགྲོན་ཁང་སོགས་རིམ་བཞིན་སྐད་གྲགས་ཆོད་ཡོད། མིག་སྔར་མཁྱེན་ལི་བཟོ་ཁང་དུ་ཁྱོན་ལས་རིགས་ཡོངས་ཀྱི་ལག་རྩལ་པ་37ཡོད་པ་དང་། དེའི་ནང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གཉིས་དང་། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་དབུ་ཆེན་གཅིག ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅོ་ལྔ། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཉེར་ལྔ་བཅས་ཡོད། དེ་ཡང་ལག་རྩལ་པ་37གྱི་ནང་དུ་དགུང་ལོ་བདུན་བཅུ་ལྷག་གི་རྒན་རབས་ཡོད་ལ་ཉིང་སྟོང་ལོའི་རྗེས་སུ་སྐྱེས་པའི་གཞོན་སྐྱེས་ཡང་ཡོད། ད་དུང་དེའི་ཁྲོད་བུད་མེད་ལག་རྩལ་པས་གནམ་ཕྱེད་ཀ་ཟིན་ཡོད་པ་རེད། བུ་ཚེ་རིང་གི་གཅེན་མོ་ནི་མཁྱེན་ལིའི་འགན་འཁུར་བ་གཙོ་བོའི་གྲས་ཤིག་ཡིན་པ་དང་ཁོང་གིས་བུད་མེད་ལས་ཞུགས་ལ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པ་དང་། ལྷག་དོན་དུ་གཉེན་ཐོར་བུད་མེད་ལག་རྩལ་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་རེ་འདུན་བཏོན་ཡོད།

མཁྱེན་ལིའི་སྤུས་རྟགས་བཏོད་རྗེས། བུ་ཚེ་རིང་དང་ཁོང་གི་རོགས་པ་ཚོས་སྲོལ་རྒྱུན་གྱི་སྐུ་བརྙན་བཟོ་བའི་ཁར་རིག་གཏོད་ཐོན་རྫས་རབ་དང་རིམ་པ་བཟོ་འགོ་བརྩམས་ཡོད། ཁོང་གིས་ཚོད་ལྟ་བྱས་ནས་བཟོས་པའི་རིག་གཏོད་ཐོན་རྫས་དང་པོ་ནི་བྱ་ཁྱུང་དབྱིབས་ཀྱི་སྐེ་རྒྱན་ཞིག་རེད། དང་ཐོག་ཁོང་གི་ཐོན་རྫས་དེ་ཉོ་མཁན་མང་པོ་དེ་འདྲ་མེད་མོད། འོན་ཀྱང་ཕྱིས་སུ་ཁོང་ཚོས་བརྙན་ཞིག་བླངས་ནས་བྱ་ཁྱུང་དབྱིབས་ཅན་གྱི་སྐེ་རྒྱན་དེ་བཟོ་བའི་བརྒྱུད་རིམ་ཆ་ཚང་བསྟན་པ་མ་ཟད། བྱ་ཁྱུང་དང་དུག་སྦྲུལ་གྱི་དམངས་ཁྲོད་གཏམ་རྒྱུད་དེ་བར་བཅུག་རི་མོར་བཀོད་ནས་བྱ་ཁྱུང་གི་སྐེ་རྒྱན་དེ་ཁྱབ་གདལ་བཏང་རྗེས། ཁོང་གི་རིག་གཏོད་ཐོན་རྫས་འདི་མཁྱེན་ལི་བཟོ་ཁང་གི་ཐོན་རྫས་གཙོ་བོའི་གྲས་སུ་གྱུར་ནས་ལོ་ལྟར་སྟོང་ཕྲག་འཚོང་གི་ཡོད་པ་རེད།

མཁྱེན་ལི་ལི་མ་བླུག་བཟོ་ལག་རྩལ་གྱི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཐད། བུ་ཚེ་རིང་གིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ངེས་ཅན་ལྡན་པ་དང་། མཁྱེན་ལི་འདི་ཉིད་ཀྲུང་གོའི་མཚོན་རྟགས་རང་བཞིན་གྱི་མི་རིགས་སྤུས་རྟགས་སུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ང་ཚོ་མཁྱེན་ལི་ཡིས་མུ་མཐུད་རང་ཉིད་ཡར་ཐོན་ཡོང་བར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བྱེད་ཐབས་མི་འདྲ་བའི་ཐོག་ནས་མཚོན་སྟངས་འཚོལ་བ་དང་། བྱེད་ཐབས་མི་འདྲ་བའི་ཐོག་ནས་འཚར་ལོངས་ཡོང་བར་བྱས་ཏེ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1