ཛམ་ཐང་གི་གཟུགས་མེད་རིག་གནས་ཤུལ་བཞག་ཧང་ཀྲོའུ་གྲོང་ཁྱེར་ནས་འགྲེམས་སྟོན་བྱས།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-07


༢༠༢༣ལོའི་ཟླ་༩པའི་ཚེས་༢༨ཉིན། ཛམ་ཐང་རྫོང་ཛམྦྷ་ལའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ཁང་གི་སྣ་མང་རིག་གནས་སྒྱུ་རྩལ་འགྲེམས་སྟོན་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་བགྲོ་གླེང་ཚོགས་འདུ་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་གྱི་ཀྲུང་གོའི་མཛེས་རྩལ་སློབ་གླིང་ནས་གཟབ་རྒྱས་ངང་ཚོགས་འགོ་བརྩམས། མཛད་སྒོའི་ཐོག་ཆིང་ཧྭ་སློབ་ཆེན་དང་། ཀྲུང་གོའི་མཛེས་རྩལ་སློབ་གླིང་། ཀྲེ་ཅང་སློབ་ཆེན། སི་ཁྲོན་སློབ་ཆེན། ཀྲུང་གོའི་མི་དམངས་སློབ་ཆེན། པེ་ཅིན་གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་སོགས་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་ཆེད་མཁས་མི་སྣ་བཅུ་ཕྲག་ལྷག་གདན་གཅིག་ཏུ་འཛོམས་ནས། ཛམ་ཐང་གི་གཟུགས་མེད་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས་དང་།  རིག་གནས་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞིབ་རྒྱས་གནང་།

འགྲེམས་སྟོན་མཛད་སྒོ་འདི་ཟླ་༡༠པའི་ཚེས་༦ཉིན་བར་དུ་སྤེལ་བ་དང་། འགྲེམ་སྟོན་སྟེང་ཛམ་ཐང་རྫོང་ཛམྦྷ་ལའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ཁང་གི་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་གྱི་བརྩམས་ཆོས་ཏེ་ཐང་ག་དང་། གཙག་དྲུབ། གོས་དྲུབ། རྫ་རྩལ་རི་མོ། མགར་བཟོ། ཤིང་བརྐོས་སོགས་སྒྱུ་རྩལ་སྣ་མང་གི་བརྩམས་ཆོས་བརྒྱ་ཕྲག་ལ་ཉེ་བ་ཞིག་བཤམས་སྟོན་བྱས་པ་བརྒྱུད་ནས།  མི་སྔར་ལས་མང་པོར་ཛམ་ཐང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚར་སྡུག་མཚམས་སྦྱོར་བྱས་ཡོད།

འདས་པའི་ལོ་བཅུ་ཕྲག་ལྷག་གི་རིང་ལ། ཛམ་ཐང་རྫོང་ཛམྦྷ་ལའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་སྦྱོང་ཁང་གི་རྒྱུད་འཛིན་པ་རྣམས་ཀྱིས་ཐང་ག་གཙོ་བོར་གྱུར་བའི་སྒྱུ་རྩལ་བརྩམས་ཆོས་དག་པེ་ཅིན་སློབ་ཆེན་གྱི་སྐབས་དང་པོའི་ཆོས་ལུགས་རིག་གནས་སྒྱུ་རྩལ་འགྲེམ་སྟོན་དང་། ཀྲེ་ཅང་སློབ་ཆེན་མཛེས་རྩལ་ཁང་། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་རྒྱ་བོད་ནང་བསྟན་བགྲོ་གླེང་ཚོགས་འདུ། ཆིང་ཧྭ་སློབ་ཆེན་ཆོས་ལུགས་དང་སྒྱུ་རྩལ་བགྲོ་གླེང་ཚོགས་ཆེན། ཀྲུང་གོའི་ཐང་གའི་སྒྱུ་རྩལ་བགྲོ་གླེང་སོགས་སྐད་གྲགས་ཡོད་པའི་རིག་གཞུང་དང་སྒྱུ་རྩལ་མཛད་སྒོ་གང་མང་ནས་འགྲེམས་སྟོན་བྱས་ཤིང་། འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པས་གདེང་འཇོག་བཟང་པོ་གནང་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་ཏུ་དགའ་བསུ་བླ་མེད་ཐོབ་དང་འཐོབ་བཞིན་ཡོད།

ཐེངས་འདིར་ཛམ་ཐང་གི་གཟུགས་མེད་རིག་གནས་ཤུལ་བཞག་ཧང་ཀྲོའུ་གྲོང་ཁྱེར་ནས་འགྲེམས་སྟོན་བྱས་པ་དེས་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་དང་། ནང་སྒོས་སུ་མི་རིགས་ས་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕྱི་ཕྱོགས་སུ་སྤེལ་ནས། མི་སྔར་ལས་མང་པོ་ཞིག་གིས་དེ་ལ་དོ་སྣང་དང་ཐུགས་ཁུར། རྒྱབ་སྐྱོར་སོགས་གནང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཞིང་། མི་རིགས་ས་ཁུལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕྱི་ལ་མཚམས་སྦྱོར་བྱེད་པའི་སྒེའུ་ཁུང་གསར་པ་ཞིག་བསྐྲུན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1