༄༅།། གླིང་སྒྲུང་ལས་བྱུང་བའི་ལུས་རྩལ་གྱི་རིག་གནས་སྣང་ཚུལ་སྐོར་ཐོག་མར་གླེང་བ།

དབང་ཆེན་ཚེ་རིང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 10-19


དང་པོ། ལུས་རྩལ་རིག་གནས་ཀྱི་བསམ་བློ་སྐོར་བཤད་པ།

 

ལུས་རྩལ་རྣམ་གྲངས་དེ་དག་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དར་འཕེལ་བྱུང་བའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་ལ་ཕྱོགས་སོ་སོར་ཐེབས་པའི་ཤན་ཤུགས་ཡང་གཏིང་ཟབ་མོ་ཡིན་པས། དབྱིན་ཇིའི་མིའི་རིགས་རིག་པའི་མཁས་དབང་མ་ལིན་ནོ་ཟི་ཅིས་མཛད་པའི《རིག་གནས་ཀྱི་རྣམ་བཤད》ལས། དངོས་ཆས་དང་གོམས་སྲོལ་ལས་རིག་གནས་ཀྱི་ཕྱོགས་ཆེན་པོ་གཉིས་ཏེ་དངོས་པོའི་རིག་གནས་དང་བསམ་བློའི་རིག་གནས་གྲུབ་ཅིང་། དངོས་ཆས་དང་གོམས་སྲོལ་གཉིས་ལས་གང་ཡང་མེད་མི་རུང་སྟེ། དེ་དག་ནི་ཕན་ཚུན་བརྟེན་བྱུང་དང་ལྟོས་གྲུབ་ཏུ་གནས་པ་རེད།[①]ཅེས་གསུངས་པ་ལྟར། ལུས་རྩལ་རྣམ་གྲངས་སོ་སོ་ལ་ཕྱི་དངོས་པོའི་རིག་གནས་ཀྱི་སྣང་ཚུལ་ལས་ཆེས་ཆེར་འདས་ཏེ་ནང་བསམ་བློའི་རིག་གནས་ཀྱི་བང་རིམ་དུ་འཕོ་འགྱུར་བྱུང་ཞིང་། མཐུན་སྒྲིལ་དང་། གཅིག་གྱུར། ཞི་མཐུན་གྱི་བསམ་བློ་རིག་གནས་ཀྱི་མ་ལག་ཅིག་ཏུ་གྲུབ་ཡོད། ཚང་མས་ཤེས་གསལ་ལྟར་སྒྲུང་ལྡེའུ་བོན་གསུམ་ནི་བོད་གནའ་རབས་རིག་གནས་མ་ལག་གཙོ་བོ་ཞིག་དང་ནང་དོན་གལ་ཆེ་བ་ཞིག་ཡིན་པས། ལུས་རྩལ་རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག《གླིང་སྒྲུང་》ལས་སྒྱུ་རྩལ་གྱི་ལམ་ནས་ཡང་བསྐྱར་མངོན་པར་བྱུང་ཡོད། 《ལུས་རྩལ་གྱི་རགས་བཤད》ལས། ལུས་རྩལ་སློབ་གསོ་ལས་རང་ཉིད་ཀྱི་བྱ་སྤྱོད་ལ་འགན་ལེན་པའི་ནུས་པ་ཇེ་མཐོར་གཏོང་བ་དང་། མི་སྒེར་དང་ཚོགས་པའི་འདུ་ཤེས། ཡང་ན་རང་དབང་དང་སྒྲིག་ལམ་བར་གྱི་འབྲེལ་བ་ལ་གོ་བ་ཟབ་མོ་ལོན་པ། ཕན་ཚུན་མཐུན་སྒྲིལ་དང་སྒྲིག་ལམ་བརྩི་སྲུང་བྱེད་པའི་སྔོན་ཐོན་གྱི་གཤིས་རྒྱུད་བཅས་ཐད་ལ་ནུས་པ་ངེས་ཅན་ཞིག་ཐོན་ངེས།[②]ཞེས་པ་བཞིན་བཙན་པོ་གཉའ་ནས་གནོན་ཞིང་ཉམས་ཆུང་མཐའ་ནས་སྐྱོང་བ་ནི་《གླིང་སྒྲུང་》གི་བརྗོད་བྱའི་བསམ་བློ་རུ་ཆགས་ཡོད་པ་དང་། མི་རིགས་དར་རྒྱས་ཀྱི་བསམ་བློ་ནི《གླིང་སྒྲུང་》གི་རྣམ་ཤེས་ལྟ་བུར་ཆགས་པ་སོགས་ཀྱིས་ལོ་རྒྱུས་སྙན་རྩོམ་འདིའི་བརྗོད་བྱའི་བསམ་བློ་དང་རྗོད་བྱེད་ཀྱི་ཚིག་གང་གིས་ཆ་ནས་ཀྱང་ཡིད་ཀྱི་དྭངས་པ་འདྲེན་པ་ཞིག་ཏུ་གྲུབ་ཡོད་པ་རེད། འདི་འདྲའི་ཁྱད་ཆོས་ཀུན་འཛོམས་ཡིན་པའི་ལོ་རྒྱུས་སྙན་རྩོམ་འདི་ལས་ང་ཚོས་སྐབས་དེའི་སྤྱི་ཚོགས་སུ་དར་བའི་ལུས་རྩལ་རྣམ་གྲངས་དག་ལས་ཐུན་མིན་གྱི་བསམ་བློ་ཞིག་ཀྱང་ཚུར་སྣང་བྱེད་ཐུབ་པ་ཡིན། 《གླིང་སྒྲུང་》ལས་བྱུང་བའི་ལུས་རྩལ་གྱི་རྣམ་གྲངས་མང་ཆེ་བ་ནི་དམག་དོན་སྦྱོང་བརྡར་འབྲེལ་བ་ཆེས་ཆེར་ཡོད་དེ། གནའ་དུས་སུ་རི་དྭགས་རྔོན་པ་དང་འཐབ་འཁྲུག་དགོས་དབང་གིས་ཚོ་བའི་ཚོ་དཔོན་ནས་མི་སེར་དཀྱུས་མའི་ཚུན་རྣམས་ལུས་རྩལ་སྦྱོང་བར་དགའ་ཞིང་། དེས་དམངས་ཁྲོད་ལུས་རྩལ་དེར་དམག་དོན་ལུས་རྩལ་གྱི་ངོ་བོ་ལྡན་པར་བསྒྱུར། འཐབ་འཁྲུག་དང་གཡུལ་འགྱེད་བྱུང་བ་དེས་དམག་མིར་དམག་སྦྱོང་ཐོབ་ཏུ་བཅུག་པ་དང་། ལུས་ཕུང་སྦྱོང་བརྡར་དང་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱུང་། དེ་བས་དམག་འཁྲུག་དང་ལུས་རྩལ་གཉིས་གཞི་གཅིག་ལ་འབྲེལ་བའི་རྣམ་པ་བྱུང་། དཔེར་ན། 《གླིང་སྒྲུང་》ལས་ཁྲ་མོ་གླིང་གིས་རྟ་རྒྱུགས་རྒྱལ་འཇོག་གི་ལུས་རྩལ་འགྲན་པའི་རྣམ་པ་བརྒྱུད་ནས་གླིང་རྗེ་གེ་སར་རྒྱལ་བོ་དེ་ཉིད་ཁྲི་སར་བཀོད་པ་དང་། གླིང་རྗེ་གེ་སར་རྒྱལ་བོ་ཁོང་ཉིད་སྐྱ་ལོའི་རྒྱུ་བདག་དང་འབྲུག་མོ་སྐྲ་བདག་ཏུ་གྱུར། དེ་ནས་གླིང་གི་དཔའ་རྟུལ་སུམ་ཅུ་གཙོ་བྱས་པའི་དཔའ་རྟུལ་མང་པོ་ལ་འགོ་འཛིན་མཛད་དེ་ཕྱོགས་བཞི་དགྲ་བཞི་དང་། རྫོང་ཆེན་བཅོ་བརྒྱད། རྫོང་ཕྲན་མང་པོ་ཆམ་ལ་ཕབ་པའི་དུས་སྐབས་དེར་སྤྱི་ཚོགས་སྣང་ཚུལ་གང་ཡིན་རུང་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་གཅེས་ཀྱི་བསམ་བློ་ཤུགས་ལ་མངོན་ཡོད་པ་དང་། རྒྱལ་གཅེས་ཀྱི་བསམ་བློ་དེའི་དབང་གིས་གཡུལ་འགྱེད་དང་འཁྲུག་རྩོད་ཐ་དག་ལས་རྒྱལ་བར་བྱུང་ལ། དམངས་ལ་བདེ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་ལེགས་པོ་བསྐྲུན་ཐུབ་པ་བྱུང་། སྐབས་དེའི་སྤྱི་ཚོགས་ལ་མཚོན་ནའང་ལུས་རྩལ་སློབ་གསོའི་བསམ་བློ་དེ་དཔའ་རྟུལ་གང་མང་མང་ཞིག་བྱུང་ཐུབ་པའི་རྩ་བ་གྱུར་ཡོད་པ་རེད། དཔེར་ན། གླིང་སྒྲུང་ཁྲོད་ཀྱི་ཤན་པ་རྨེ་རུ་རྩེ་ནི། ལོ་གསུམ་གྱི་སྟེང་མདའ་དང་རལ་གྲི་གཡུག་པའི་དྲག་རྩལ་སྦྱངས་པ་དང་། ལྔ་ཡི་སྟེང་འབྲོང་རྭ་སྨུག་པོ་བཀུག་ནས་སྨྱུག་མདའ་འཕངས། བདུན་གྱི་སྟེང་ལྕགས་མདའ་ལྕགས་གཞུ་བཀོལ། བཅུ་གཉིས་སྟེང་འབུམ་དམག་ལ་བཀོད་འདོམས་མཛད་པ་སོགས་ཀྱི་མི་སྣའི་ལོ་རྒྱུས་ལས་ང་ཚོས་སྐབས་དེའི་ལུས་རྩལ་སློབ་གསོར་བཅངས་བའི་བསམ་བློ་ཡང་ཚོད་བགམ་བྱེད་ཐུབ་སྟེ། གླིང་སེང་ཆེན་གེ་སར་རྒྱལ་བོ་ཡིན་ནའང་འདྲ། ཧོར་གྱི་དཔའ་རྟུལ་ཤན་པ་རྨེ་རུ་རྩེ་ཡིན་ནའང་འདྲ། མི་སྣ་གཙོ་བོ་རྣམ་པ་གཉིས་ཀྱིས་འཐུས་པའི་སྐབས་དེའི་དཔའ་རྟུལ་གཙོ་བྱས་པའི་སྤྱི་ཚོགས་ཡོངས་ཀྱིས་ལུས་རྩལ་ལ་བཅངས་པའི་འདུ་ཤེས་དེ་ཤུགས་ལ་རྟོགས་ཐུབ་སྟེ། དེ་ཡང་དོན་གྱིས་བཤད་ན་རང་ཉིད་སྲུང་སྐྱོབ་དང་དགྲ་འགོག་ཁོ་ནའི་ཆེད་དུ་མ་ཡིན་ལ། རང་ཉིད་ལ་དྲག་རྩལ་འཛོམས་པའི་དམིགས་ཡུལ་གཞན་ཞིག་ནི་སྐབས་དེའི་རང་ཉིད་འཚོ་སྡོད་བྱེད་སའི་སྤྱི་ཚོགས་སམ་རྒྱལ་ཁབ་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བའི་ཆེད་ཡིན་པ་རེད། རྒྱུ་མཚན་གང་ལགས་ཟེར་ན། 《གླིང་སྒྲུང་》ལས་བྱུང་བའི་གླིང་གེ་སར་རྒྱལ་པོ་གཙོ་བྱས་པའི་དཔའ་རྟུལ་མང་པོའི་གླུ་ཚིག་ལས་ཀྱང་སོ་སོས་དམག་འཁྲུག་དང་གཡུལ་འགྱེད་ལས་དཔའ་ཡི་རྟིང་མ་བླངས་ཚུལ་དང་། མ་རུངས་དགྲ་དམག་ཕམ་པར་བརྒྱབ་ཚུལ་མང་དུ་གླེང་ཡོད་པ་ལས། རང་ཁོ་ནའི་དགྲ་ཞིག་ལས་རྣམ་པར་རྒྱལ་ཚུལ་གྱི་གཏམ་གླེང་གཏན་ནས་མཐོང་རྒྱུ་མེད་པ་ལྟ་བུས་མཚོན་ལ། 《ཐོག་གླིང་གཡུལ་འགྱེད》ལས། རྟ་མགྱོགས་པ་གདང་ལ་ཡོད་པའི་དུས། །མགྱོགས་པས་མགྱོགས་དར་མ་བླངས་ན། །བོང་རྒན་དེ་དང་ཁྱད་པར་མེད། །བུ་དཔའ་བོ་དཔུང་གྲལ་འཛོམས་ཉིན་མོར། །དཔའ་བོས་དཔའ་རྟགས་མ་བླངས་ན། །ཕོ་སྡར་མས་རང་སྲུང་བྱེད་དང་ཁྱད་ཅི་ཡོད། །མཚོན་རྣོན་པོ་ཤུབས་ལ་ཡོད་པའི་དུས། །རྣོ་བས་རྣོ་རྟགས་མ་བཞག་ན། །ཐབ་ཆེན་གོ་དབྱུག་དང་ཁྱད་ཅི་ཡོད། །[③]ཅེས་ལུས་རྩལ་སློབ་གསོའི་བསམ་བློ་ཞིག་མངོན་པར་མཚོན་པ་དང་དེ་བཞིན་དུ་དཔའ་རྟུལ་རྣམས་ཀྱི་སྤོབས་སེམས་དང་སྙིང་སྟོབས་ཀྱང་མཚོན་འདུག མདོར་ན། སྐབས་དེའི་ལུས་རྩལ་གྱི་སློབ་གསོའི་དགོངས་པ་མཐར་གཏུགས་ན་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་གཅེས་ཆེད་དུ་ཡིན་པ་ཤུགས་ནས་རྟོགས་པ་དང་། ཡང་གཅིག་བཤད་ན། སྤྱི་ཚོགས་ཡོངས་ནས་ལུས་རྩལ་སློབ་གསོ་ལ་དང་དོད་མཛད་བཞིན་པའི་སྣང་ཚུལ་གཞན་ཞིག་ཀྱང་ཚུར་སྣང་བྱེད་ཐུབ་པ་ཡིན་ནོ། །

 

གཉིས་པ། ལུས་རྩལ་རིག་གནས་ཀྱི་བྱེད་ནུས་སྐོར་བཤད་པ།

 

གླིང་སྒྲུང་ལས་བྱུང་བའི་ལུས་རྩལ་རིག་གནས་ཀྱི་བྱེད་ནུས་ལ་ལུས་རྩལ་རྣམ་གྲངས་དེ་དག་གི་ངོ་བོ་དང་རྣམ་པ་འཕེལ་འགྱུར་ཆེན་མོ་བྱུང་བའི་བརྒྱུད་རིམ་ཁྲོད་ན་བྱེད་ནུས་ཕུན་སུམ་ཚོགས་པ་ཞིག་ཏུ་གྲུབ་འདུག 《མིའི་རིགས་རིག་པའི་སྤྱི་རྣམ》ལས། དངོས་པོའི་རིག་གནས་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་འདུལ་བཀོད་བྱས་ཏེ་རང་ཉིད་འཚོ་གནས་ཐུབ་པ་ལས་བྱུང་བའི་འབྲས་བུ་ཡིན་པས་ན། དེར་ལག་རྩལ་རིག་གནས་ཀྱང་ཟེར་ལ། དེ་ནི་མི་དང་རང་བྱུང་གི་འབྲེལ་བའི་མངོན་རྟགས་ཡིན།[④]ཞེས་པ་ལྟར་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་ལག་ཤེས་བཟོ་ལས་ཆེས་ཆེར་དར་བའི་དུས་སྐབས་དང་སྐབས་བབ་ཀྱི་སྤྱི་ཚོགས་དགོས་མཁོ་དབང་གིས་བྱེད་ནུས་ཀྱང་སྣ་ཚོགས་ཤིག་ཡོད་དེ། དཔེར་ན། མདའ་གཞུ་ལའང་བྱེད་ནུས་མང་པོ་ཞིག་ཡོད་པ། རྒྱལ་སྐུག་འཇོག་པའི་རྣམ་པ་ཞིག་དང་།དེས་མི་སྐད་བཤད་དེ་མི་དོན་བསྒྲུབས་པ།དེར་བླ་འདུལ་གྱི་ནུས་རྩལ་ལྡན་པ།དེ་འཕྲིན་སྐྱེལ་གྱི་ཕོ་ཉ་ཡིན་པ།མེ་དུག་འཕེན་བྱེད་ཀྱི་ལག་ཆ་ཡིན་པ།གཏེར་སྒོ་འབྱེད་པའི་ལྡེ་མིག་ཡིན་པ། མོ་འདེབས་པའི་ཡོ་ཆས་ཡིན་པ། གཉེན་སྒྲིག་གི་བར་བ་ཡིན་པ། ཕྱྭ་འགུག་གི་གཡང་མདའ་ཡིན་པ། འཚོ་བའི་ཐོན་སྐྱེད་ཀྱི་ལག་ཆ་ཡིན་པ་ལ་སོགས་བྱེད་ནུས་དང་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ཡོད་ལ། སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ལས་མདའ་རྩལ་དང་། འུར་ཆ། ཞགས་རྩལ། སྐྱ་རྩལ། འཇུ་རེས་ལ་སོགས་པར་བརྟེན་ནས་རྒྱལ་སྐུག་འགྲན་རྩོད་རང་བཞིན་ལྡན་པའི་ལུས་རྩལ་བྱ་འགུལ་དེ་དག་ལ་ཞི་མཐུན་དང་རོལ་རྩེད་ཀྱི་རྣམ་པ་ཀུན་ནས་ཕྱུག་ཡོད་པས་སྤྲོ་རྩེད་བྱེད་ནུས་རིན་ཐང་བྲལ་བ་ཡོད་པ། 《བྷེ་གླིང་གཡུལ་འགྱེད》ལས། སྟོན་མོ་ལྷ་དང་མཉམ་པ་བྱས། བདུན་གསུམ་བར་དུ་རྟ་རྒྱུག་མདའ་འཕེན་གླུ་ལེན་ཆང་འཐུང་གར་རྩེད་སོགས་མཛད་དེ་བཞུགས།[⑤]ཞེས་གེ་སར་རྒྱལ་པོ་གཙོ་བྱས་པའི་གླིང་གི་དཔའ་རྟུལ་ཐམས་ཅད་ཀྱིས་གཡུལ་ལས་རྒྱལ་ཏེ་ཕྱིར་རང་ཡུལ་ཏུ་ལོག་ནས་སྟོན་མོ་རྒྱ་ཆེན་མོ་མཛད་པའི་སྐབས་སུ་རྟ་རྒྱུག་དང་མདའ་འཕེན་གྱི་ལུས་རྩལ་ལ་རོལ་ནས་སྟོན་མོའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་སྤྲོ་རྩེད་ཅན་དུ་གྱུར་ཡོད་པ་ཤེས་ཐུབ། ཡང་《ཧོར་གླིང་གཡུལ་འགྱེད》སྟོད་ཆ་ལས། ཐང་རྩེའི་བསམ་པར་མི་རྒོད་ངོ་གདོང་གཏུག་དགོས་བྱུང་ཡང་ངས་མི་ཐུབ་པ་ནི་རྒྱལ་པོ་གེ་སར་ཁོ་རང་མིན་པ་གཅིག་ཀྱང་མེད། དེ་སྟེ་དཔའ་རྟུལ་རྣམས་ལ་མདའ་རྒོད་བརྒྱབ་ན་མུན་ནག་མདའ་འཕེན་ཡེ་ཤེས་སྤྱན་བཅར་ཟེར་བ་ལྟར་དགོས་པ་མི་འདུག་པས། རང་བཞིན་གྱི་འབེན་གཅིག་ཞིག་དང་མདའ་གཅིག་གི་ལྟད་མོ་སྟོན་བསམས་ནས། བེར་དམར་པོ་གཅིག་དང་ཞྭ་དཀར་རྔ་འཕྲུ་ཅན་ཞིག་གྱོན་མདའ་གཞུ་སྟེང་དུ་བཞག་ནས་ན་རེ། ཧོར་རྒྱལ་བློན་རྣམས་ལྟད་མོ་གཟིགས་ཨང་ཟེར་ནས་སྒར་མཐར་ཚུར་ཐོན།[⑥]ཞེས་ཐང་རྩེས་རང་གི་མདའ་རྩལ་ངོམ་པ་དང་མཉམ་དུ་ཧོར་རྒྱལ་བློན་ཡོངས་ལྟད་མོ་སྟོན་པའི་ཤུགས་ལས་མདའ་འཕེན་པ་དེར་སྤྲོ་རྩེད་ཀྱི་བྱེད་ནུས་ཡོད་པ་རྟོགས་ཐུབ་པ་ཡིན། གཞན་ཡང་། འུར་ཆ་དང་རལ་གྲི་ལ་སོགས་པའི་ལུས་རྩལ་རྣམ་གྲངས་འགའ་ཤས་ནི་དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ན་བཀོལ་སྟངས་ཀྱི་གནས་བབ་དང་སྤྱི་ཚོགས་འཚོ་བ་གོང་འཕེལ་དུ་སོང་བ་དང་རིམ་བཞིན་མཛེས་ཆས་ཀྱི་རྣམ་པ་རུ་གྱུར་ཡོད།རྒྱན་གོས་འདོགས་ཆས་མང་པོ་ཞིག་ཐོག་མའི་དུས་སུ་ཡོ་ཆས་ཡིན་པ་དང་རིམ་བཞིན་རྒྱན་ཆས་སུ་གྱུར་ཡོད་པ་དཔེར་ན།བཞོ་ལུང་ལྟ་བུ་མཚོན་ན་ཐོག་མ་ཉིད་ནས་འཚོ་བའི་ཐོན་སྐྱེད་དེ་འོ་མ་བཞོ་བྱེད་ཀྱི་ཡོ་ཆས་ཡིན།དེ་ནི་འཚོ་བའི་སྤྱི་ཚོགས་འཕེལ་འགྱུར་གྱི་འགྲོས་དང་བསྟུན་ནས་བཀོལ་ཡུལ་འགྱུར་བ་བྱུང་ལ།མཛེས་བའི་རིན་ཐང་ངེས་ཅན་ཞིག་ཡོད་པའང་ཤེས་ཐུབ།དེ་དང་དེ་བཞིན་དུ་འུར་ཆའང་དེ་ལས་མ་འདས་ཏེ།འུར་ཆའི་རིགས་ལས་མཛེས་འུར་ཁྲ་བོ་ཞེས་པའི་འུར་ཆ་དེའི་རྒྱུ་ཆ་ནི་བལ་ཁུ་དཀར་ནག་དང་སྣམ་སྐུད་ཚོན་མདོག་སྣ་ཚོགས་ལས་བཟོས་པ་ཡིན་ལ།གཞོན་ནུ་ཕོ་མོ་ཚོས་སྐེད་པར་བཏགས་ནས་མཛེས་རྒྱན་དུ་བྱེད་བཞིན་འདུག《ཚ་བ་མདའ་རྫོང》ལས།ལུས་ལ་འཆང་ན་དགྲ་ལྷ་འཁོར་ལ།།རྐེད་ལ་གཟར་ན་རྒྱན་དུ་མཛེས།།[⑦]ཞེས་འུར་ཆའི་ནུས་པར་བསྟོད་པ་འདི་ལས་རྒྱན་ཆས་སམ་མཛེས་ཆས་སུ་གྱུར་ཡོད་པ་བསྟན་ཡོད།དེང་བོད་ཀྱི་འཁྲབ་སྟོན་པ་ཚོས་བོད་ཀྱི་ལྷ་མོའི་ཟློས་གར་ལ་སོགས་འཁྲབ་སྟོན་བྱེད་པའི་སྐབས་སུའང་འུར་ཆ་དང་རལ་གྲི་སོགས་ལུས་རྒྱན་ནམ་གར་ཆས་གྲས་སུ་བཞག་ཡོད་པ་དང་།གྱོན་ཆས་བགྲེམ་སྟོན་གྱི་བྱ་འགུལ་མང་པོ་ཁྲོད་ན་དེ་དག་རྒྱན་ཆས་སུ་བརྩི་ནས་རྐེད་ལ་གཟར་འདུག་པས་བོད་པའི་བཟོ་ལས་ལག་རྩལ་རྩེར་སོན་པ་ཚོར་ཐུབ་ལ། དེར་མཛེས་དཔྱོད་ཀྱི་ལྟ་བ་ཕུན་སུམ་ཚོགས་པ་དང་སྒྱུ་རྩལ་གྱི་རིན་ཐང་གཞལ་དུ་མེད་པ་མངོན་འདུག དེ་མིན་ལུས་རྩལ་རྣམ་གྲངས་དེ་དག་ལ་འཚོ་བའི་ངལ་རྩོལ་གྱི་ལག་ཆ་དང་། དགྲ་འདུལ་གྱི་མཚོན་ཆ། པྲ་མོ་འདེབས་པའི་ཡོ་ཆས། ཆོས་ལུགས་ཆོ་གའི་བསྒྲུབ་ཆས་སོགས་ཀྱི་བྱེད་ནུས་མང་པོ་ཡོད་པ་གོང་དུ་བརྗོད་ཟིན་པའི་བསྐྱར་དུ་མ་བྲིས། ཡང་གཞན་ཞིག་ནི་སྒྲུང་ནང་དུ་ཤོ་དང་མིག་མངས་རྩེད་པ་ལྟ་བུ་ནི་ཕྱི་རྒྱལ་བ་སྐུ་ཞབས་ཤེའུ་ཐར་གྱི《བོད་ཀྱི་མིག་མངས་ལ་དཔྱད་པ》ཞེས་པའི་ཆེད་རྩོམ་ནང་དུའང་ད་དུང་མིག་མངས་དེ་བཞིན་དམག་དོན་ལ་མཁས་པའི་སྐྱེ་བོ་རྣམས་ཀྱིས་རྩེ་ཞིང་། དེ་ནི་དམག་ཇུས་སྐོར་བསམ་བློ་གཏོང་བྱེད་ཀྱི་ཡོ་བྱེད་ཅིག་ཀྱང་ཡིན། དེར་བརྟེན་མི་རྣམས་ཀྱིས་མིག་མངས་ནི་སྤྲོ་སྣང་འཕེལ་བྱེད་རྩེད་མོ་ཁོ་ན་མ་ཡིན་པར་བསམ་ཞིང་། དེ་ནི་རིག་གནས་ཤིག་ཏུ་རྩིས་ནས་ཁོང་ཚོའི་རྗེས་རབས་རྣམས་ལ་བརྒྱུད་སྤྲོད་བྱེད་པ་ཡིན།[⑧]ཞེས་པ་ལྟར་ཤོ་དང་མིག་མངས་ལ་སོགས་པའི་ལུས་རྩལ་རྣམ་གྲངས་རིགས་ལ་དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་དཔྱད་ན་མིའི་བློ་རིག་དང་ཐབས་ཇུས་ཀྱི་རྩལ་སོགས་སྦྱོང་བརྡར་བྱེད་པའི་བྱེད་ནུས་ཁྱད་དུ་འཕགས་པའང་ཡོད་དོ། །

 

གསུམ་པ། ལུས་རྩལ་རིག་གནས་ཀྱི་དད་མོས་སྐོར་བཤད་པ།

 

སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ལ་བརྟེན་ནས་བླ་འདུལ་བ་དང་། གཏེར་སྒོ་འབྱེད་པ། མོ་འདེབས་པ། གཉེན་སྒྲིག་པ། གཡང་འགུག་པ་སོགས་ནི་རྣམ་གྲངས་དེ་དག་ལ་དད་མོས་བྱེད་པའི་ངོ་བོར་འགྱུར་ཡོད་ལ། དེ་ནི་གདོད་མའི་དད་མོས་ཁྲོད་ཀྱི་དངོས་པོ་ཡོད་ཚད་ལ་བླ་ཡོད་པར་འདོད་པའི་འདུ་ཤེས་ལས་བྱུང་བར་འདོད། དེ་རྒྱུ་མཚན་གང་ཡིན་ཞེ་ན། རྫུ་འཕྲུལ་(巫术)གྱིས་དངོས་པོ་ཡོད་ཚད་ལ་བླ་ཡོད་པར་འདོད་པའི་ལྟ་བ་འཐུས་ཚང་དུ་བཏང་བ་དང་། དངོས་པོ་ཡོད་ཚད་ལ་བླ་ཡོད་པར་འདོད་པའི་ལྟ་བས་ཀྱང་རྗུ་འཕྲུལ་(巫术)འཐུས་ཚང་དུ་བཏང་།[⑨]ཞེས་པ་བཞིན་དངོས་པོ་ཡོད་ཚད་ལ་བླ་ཡོད་པར་འདོད་པའི་ལྟ་བ་ལས་ལུས་རྩལ་རྣམ་གྲངས་དེ་དག་ལ་མི་ལས་བརྒལ་བའི་ནུས་རྩལ་ཁྱད་དུ་འཕགས་པར་འདོད་པའི་རྨང་གཞི་བཏིངས། ལྟ་བ་དེ་ནི་གནའ་བོའི་རུས་བླ་མཆོད་བཀུར་དང་རང་བྱུང་དད་མོས་སོགས་ལས་བྱུང་བ་ཡིན། 《མདའ་དང་འཕང་》ལས་མདའ་ནི་ཞང་ཞུང་གི་ཇུ་ཐིག་གི་མོ་ཞེས་པའི་མ་ལག་ནང་དུ་ཞང་ཞུང་གི་ལྷ་རིགས་སུམ་བརྒྱ་དྲུག་བཅུའི་མཚོན་བྱེད་ཅིག་ཏུ་གྱུར་ཡོད།[⑩]ཅེས་ལྷའི་མཚོན་བྱེད་ཅིག་ཡིན་པར་གསལ་བོར་བརྗོད་ཡོད་པ་དང་། མདའ་མོས་མི་སྐད་བཤད་དེ་མི་དོན་བསྒྲུབ་པ་ལྟ་བུ། དེ་ལས་ཀྱང་ཁྱད་ཆོས་མངོན་གསལ་ཡིན་པའི་བླ་འདུལ་བ་དང་གཡང་འགུག་པ་སོགས་ཀྱི་ནུས་པ་བླ་ན་མེད་ཞིག་མཆིས། བོད་བྱང་ཐང་ས་ཁུལ་དུའང་གཉེན་སྒྲིག་གི་སྐབས་སུ་བག་མའི་ལག་ཏུ་ཕྱུར་བ་སྡེར་གང་དང་།ཁྱོ་གའི་ལག་ཏུ་མདའ་དར་བཅས་ཐོགས་ཏེ་བླ་མཆོད་ཚོས་གཡང་འགུགས་དང་ཤིས་ཚིག་མང་པོ་བརྗོད་སྲོལ་ཡོད་པ་དང་། བོད་ལྗོངས་མངའ་རིས་ས་ཆ་ནས་འབྲུ་རིགས་ཀྱི་བང་མཛོད་ནང་དུ་མདའ་དར་འཛུགས་པའི་གོམས་སྲོལ་ཞིག་ཡོད་ཅིང་། དེ་ནི་དཀར་མོ་ནས་ཀྱི་བང་སྟེང་ལ་མཚོན་མདོག་ལྔ་ཡི་མདའ་དར་བཙུགས་ཞེས་པ་དང་། འབྲུ་དཀར་མ་ཉམས་སྦྲེ་གང་མཚོན་པ་ལ། མདའ་མོ་དར་སྣས་རྒྱན་པ་བཙུགས་ཞེས། མདའ་དར་དེ་ནང་གི་གཡང་དེ་ཕྱི་ལ་མི་ཤོར་བའི་སྲུང་མ་ཡིན་པར་སྐད།[11]མདའ་དར་དེ་ནི་གཡང་འགུགས་བྱེད་དང་གཡང་སྲུང་བྱེད་ཀྱི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་ཤེས་ཐུབ་ལ། གླིང་སྒྲུང་ལས་འབྲུག་མོས་རང་གི་སྐྲ་བདག་འདེམ་པའི་སྐབས་སུའང་གཉེན་མདའ་འཕངས་ཏེ་ཚེ་གཅིག་གི་སྐྱ་ཡ་བདམས་པ་ལས་ཀྱང་རྟོགས་སླ་བ་དང་། དེ་དང་མཉམ་དུ་མདའ་ལ་དད་མོས་དང་དེའི་རིན་ཐང་ལ་གདེང་འཇོག་མཐོན་པོ་བྱེད་པའི་རིག་གནས་ལུགས་སྲོལ་ཡང་རིམ་བཞིན་ཆགས་ཡོད། བོད་ཀྱི་དམངས་གླུ་ཞིག་ལས། ལི་མ་མདའ་འདི་ལག་ནས་ལོངས། །ལག་ནས་ལོངས་ལ་ཕུགས་ལ་ཞོག །ཕུགས་ཀྱི་ཀ་བའི་མདུན་ལ་ཞོག །སང་ནངས་མོའི་ལོ་ཡི་ད་ཚོད་ལ། །བུ་མདའ་འཕེན་མཁན་ཞིག་སྐྱེས་རྒྱུ་རེད། །མདའ་ཡང་ཡང་འཕེན་ཀི་བཀྲ་ཤིས་ཤོག །ཅེས་པ་དང་། 《གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་ཕྲེང་མཛེས》ལས། ངའི་ལྷ་གྲི་ཡ་ཟི་སྐར་ཕྲན་འདི། །ལྕགས་ཕོ་རིགས་རིན་ཆེན་སྣ་ལྔས་བརྡུངས། །ལྕགས་མོ་རིགས་གནམ་ལྕགས་ནག་པོས་མགར། །ལྕགས་བུ་རིགས་ཐེའུ་རང་ཐོ་བས་བྱས། །ལྷ་བསྟོད་པའི་དུས་སུ་རྟེན་གནས་ཡིན། །དཔལ་ལས་མགོན་ཤན་པའི་ཕྱག་མཚན་བྱས། །དགྲ་འདུལ་བའི་དུས་སུ་རང་བསྲུང་ཡིན། །གཡུག་མི་དགོས་དཔའ་ལོང་ངོམ་དང་ཆོག །སྐྱིད་བྲོ་གླུ་དུས་སུ་ཕ་ནོར་ཡིན། །དགྲ་བདུད་རིགས་འདུལ་བའི་གྲི་འཆམ་བྱེད། །དཔའ་དགྲ་ལྷའི་རྟེན་དར་དཀར་པོ་འདི། །དུས་དེ་རིང་སྐྱིད་པའི་གླུ་བྲོ་ལ། །རྐྱེན་བར་ཆད་མེད་པའི་རྟེན་འབྲེལ་ཡིན། །[12]ཞེས་གདུང་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་རལ་གྲི་འདི་ནི་ལྷའི་ཕྱག་མཚན་དང་། ལྷའི་རྟེན་གནས། གཞན་གྲི་འཆམ་བྱེད་པ་སོགས་རིན་ཐང་བརྗོད་པ་འདི་ལས་རལ་གྲི་ལ་སྐྱབས་བཅོལ་ཆོག་པའི་གོ་གནས་མཐོན་པོ་ཞིག་ཡོད་པ་དང་དད་མོས་ཀྱི་རྣམ་པ་རང་ཤུགས་སུ་གོ་ནུས་ལ། དམངས་ཁྲོད་ཀྱིས་ལྷ་བས་ཀྱང་ལུས་རྩལ་གྱི་རྩལ་ཆས་མདའ་མདུང་གྲི་གསུམ་ལ་སོགས་པར་བརྟེན་ནས་རང་བྱུང་ཁམས་ཀྱི་བར་ཆད་སེལ་བཞིན་འདུག གླིང་སྒྲུང་ནང་དུ་རྒྱུན་པར་མཐོང་བའི་ཕ་རོལ་འདུལ་དགོས་ན་ཐོག་མར་བླ་གནས་འདུལ་དགོས་བའི་གནས་ཚུལ་དང་འཕྲད་ཚེ་མདའ་མོ་དང་འུར་ཆ་ལ་སོགས་པར་དེ་བླ་འདུལ་གྱི་ནུས་པ་ལྡན་ཞིང་། ནུས་རྩལ་དེ་དག་ནི་གདོད་མའི་དུས་ཀྱི་དངོས་པོ་ཡོད་ཚད་ལ་བླ་ཡོད་པའི་འདུ་ཤེས་ལས་བྱུང་བ་བསྙོན་དུ་མེད། དེ་མིན་བོད་ཀྱི་ལྷ་ཀླུ་གཉན་གསུམ་བགྲང་ལས་འདས་པ་ཞིག་གི་ཕྱག་མཚན་དུའང་མདའ་མདུང་གྲི་གསུམ་ལ་སོགས་ཐོགས་ཡོད་པ་དགོན་སྡེ་སོ་སོའི་ལྡེབས་རིང་དང་བྲིས་ཐང་སོགས་ལས་མཐོང་ཐུབ་ཅིང་། མདོ་སྨད་ས་ཆར་དུས་རྒྱུན་ལབ་ཙེ་བསྟད་ནས་མདའ་བསྟོད་བྱེད་པ་སོགས་དང་། དེ་འབྲེལ་གྱི་གསོལ་མཆོད་དང་། བསང་ཡིག དཔང་བསྟོད་སོགས་ལས་མདའ་ལ་སོགས་པའི་ལུས་རྩལ་རྣམ་གྲངས་ལ་དད་མོས་རྒྱ་ཆེར་བྱེད་པ་རྟོགས་ཐུབ། དེ་དག་ནི་དངོས་པོར་དད་མོས་བྱེད་པའི་གནའ་བོའི་འདུ་ཤེས་སོགས་ལ་བརྟེན་ནས་ལུས་རྩལ་རྣམ་གྲངས་ཀྱི་ཁྱད་ཆོས་དང་བྱེད་ནུས་ལ་བསྔགས་བརྗོད་དང་རྟོག་བཟོ་བྱས་ཏེ་མི་རྣམས་ཀྱི་སེམས་འདུན་དང་ཕུགས་བསམ་མཚོན་པའི་ཡིད་སྤྲུལ་གྱི་བྱ་དངོས་སུ་གྲུབ་པ་ཡིན་ནོ། །

 

བཞི་བ། ལུས་རྩལ་རིག་གནས་ཀྱི་འཛེམ་བྱ་སྐོར་བཤད་པ།

 

འཛེམ་བྱ་ནི་རང་རེའི་དམངས་སྲོལ་རིག་པའི་གྲུབ་ཆ་ཞིག་ཡིན་ཏེ། སངས་རྒྱས་ཆོས་ལུགས་ལ་དད་ཞེན་དབང་གིས་ཆེ་བཀུར་ཆུང་བྱམས་ལ་སོགས་ཀྱི་སྲོལ་བཟང་པོ་དག་མ་ཉམས་པར་གནས་ཡོད་ལ། རྒྱུན་པར་འཚོ་བའི་ཁྲོད་ན་ཆོས་ལུགས་དང་། མི་ཆོས་ཀུན་སྤྱོད། ཡང་ན་གོམས་གཤིས་སོགས་དང་འགལ་བའི་བྱ་བ་མི་བསྒྲུབ་པ་དང་དེའི་འབྲེལ་ཡོད་ཀྱི་འཛེམ་བྱའང་མང་པོ་ཞིག་ཡོད་དེ། 《གླིང་སྒྲུང་》ནང་དུའང་ལུས་རྩལ་རྣམ་གྲངས་རེ་རེ་ནི་དགྲ་ལྷའི་གོ་མཚོན་སྣ་དགུའི་གྲས་སུ་བགྲང་ཡོད་པ། 《ཧོར་གླིང་གཡུལ་འགྱེད》ལས། དཔའ་དགྲ་ལྷའི་སྐུ་མཁར་གོང་མ་ནས། །ཕུ་བོ་དུང་སྐྱོང་དཀར་པོ་འབོད། །རྨོག་དཀར་མོའི་རྒྱུད་ཀྱི་དགྲ་ལྷ་གྱིས། །རྨོག་རྩེ་རྒྱལ་བྱང་འཕྲུ་མ་འཐོར་ཅིག །སྤྲུལ་པའི་ཨ་ལོང་ཁོང་གསེང་ནས། །དགྲ་ལྷའི་གཉན་སྟག་དམར་པོ་འབོད། །ཁྲབ་དཀར་མོའི་རྒྱུད་ཀྱི་དགྲ་ལྷ་གྱིས། །ཁྲབ་ལི་མའི་རྒྱུན་ཐག་མ་འཐོར་ཅིག །གོ་མཛོད་སྤེན་ལུང་ཕྱུག་མོ་ནས། །ནུ་བོ་ཀླུ་སྦྲུལ་འོད་ལྡན་འབོད། །རྟ་འདོ་བའི་རྒྱུད་ཀྱི་དགྲ་ལྷ་གྱིས། །རྟ་མགྱོགས་པ་འགྱེལ་ལོག་མེད་པར་ཤོག །མི་སྤྱོད་བྲག་རི་སྒོམ་ཁང་ནས། །སྲིང་མོ་རྒོད་ལྕམ་དཀར་མོ་འབོད། །མདའ་ཉག་ཕྲན་རྒྱུད་ཀྱི་དགྲ་ལྷ་གྱིས། །མདའ་ཉག་ཕྲན་ལྟོང་ནས་མ་འགས་ཤིག །བྱང་ཡར་ཆེན་གསེར་བྱེའི་རྫོང་ནང་ནས། །མཚེ་འཛིན་སྲིད་པའི་རྒྱལ་མོ་འབོད། །གཞུ་རྭ་རྒོད་རྒྱུད་ཀྱི་དགྲ་ལྷ་གྱིས། །གཅོང་རྒོད་ར་ཤིང་མ་འཐོར་ཞིག །དགུང་ནམ་མཁའ་ཡངས་པའི་ཕོ་བྲང་ནས། །སྟེང་ལྷ་ཆེན་ཚངས་པ་དཀར་པོ་འབོད། །གྲི་ཡུ་དམར་རྒྱུད་ཀྱི་དགྲ་ལྷ་གྱིས། །མཚོན་རྣོན་པོ་ཡུ་བ་མ་ཆག་ཅིག །བར་སྟོང་ཁམས་དག་པའི་ཀློང་ཡངས་ནས། །བར་གཉན་ཆེན་སྐུ་ལ་གེར་འཚོ་འབོད། །མདུང་སྐྱ་རིང་རྒྱུད་ཀྱི་དགྲ་ལྷ་གྱིས། །མདུང་བ་དག་སྐེད་ནས་མ་ཆག་ཅིག །འོག་ལྕང་ལོ་ཅན་གྱི་སྐུ་མཁར་ནས། །ཀླུའི་རྒྱལ་པོའི་གཙུག་ན་རིན་ཆེན་འབོད། །ཕུབ་དཀར་མོའི་རྒྱུད་ཀྱི་དགྲ་ལྷ་གྱིས། །ཕུབ་དཀར་མོ་མཚོན་གྱིས་མ་ཕུག་ཅིག །[13]ཅེས་པ་སོགས་ཆ་འདྲ་བའི་དག་སྒྲུང་ཁག་གཞན་པ་ན་གང་མང་མང་ཞིག་མཐོང་ནུས་ལ། ལྷག་པར་དུ་དགྲ་ལྷའི་གསོལ་མཆོད་དང་ཀ་འཛུགས་ཀྱི་གཞུང་མང་པོ་ཞིག་ལས། སྐྱེས་བུ་གང་ཞིག་ལ་དགྲ་ལྷ་འཁོར་སྐབས་དེའི་གོ་མཚོན་དག་ཀྱང་དགྲ་ལྷའི་རྟེན་དུ་བཙུགས་ཏེ་ཆོ་གའི་འགྲོས་ལྟར་དགྲ་ལྷའི་འཁོར་དང་བཅས་པའི་གང་ཟག་དེ་དག་ལ་སྐྱེས་བུ་དགྲ་ལྷ་ཅན་དང་དེའི་གོ་མཚོན་ལ་དགྲ་ལྷའི་གོ་མཚོན་ཞེས་པའི་འབོད་ཚུལ་ཡོད་ལ། 《གླིང་སྒྲུང་》ནང་དུའང་གེ་སར་རྒྱལ་པོ་ལ་དགྲ་ལྷའི་རྒྱལ་པོ་ཞེས་པ་དང་གོ་མཚོན་ལ་དགྲ་ལྷའི་གོ་མཚོན་ཞེས་བསྔགས་པའི་སྣང་ཚུལ་ཡོད་པ།[14] དོན་གྱིས་བཤད་ན། འདི་བརྗོད་པའི་དགྲ་ལྷའི་གོ་མཚོན་སྣ་དགུ་ནི་ལུས་རྩལ་རྣམ་གྲངས་རེ་རེ་ཡིན་ལ། དེ་དག་གི་བྱེད་ནུས་ལ་བརྟག་ན་དམག་འཁྲུག་རྩལ་འགྲན་བྱས་ཏེ་རྒྱལ་ཕམ་འབྱེད་པའི་ལུས་རྩལ་ཡོ་ཆས་ཁོ་ན་མ་ཡིན་པར་ཆོས་ལུགས་དད་མོས་དང་འདྲིས་ཆེ་བས་དེ་མཐུན་གྱི་འཛེམ་བྱ་གང་མང་ཞིག་ཡོད་པ་རང་ཤུགས་ཀྱིས་རྟོགས་ནུས་པ་རེད། དཔེར་ན། ལུས་ལ་འཆང་ན་དགྲ་ལྷ་འཁོར། །ཞེས་པ་དང་ཡང་། ཁྱིམ་དུ་བཞག་ན་ཕྱྭ་གཡང་འཕེལ། །[15]ཞེས་འུར་ཆ་ནི་དགྲ་ལྷ་འཁོར་བྱེད་དང་གཡང་འགུག་གི་ནུས་པའང་ཡོད་པར་ཤེས་ཐུབ་ལ་དེའི་བརྗོད་པའི་ཤུགས་ནས་འཛེམ་བྱའི་གནས་དེ་རྟོགས་ཐུབ། དེ་མིན། ཡ་ཐོག་གི་སྤྱི་ཚོགས་སུ། མི་རྣམས་ཀྱིས་རང་གི་རུས་བླ་དང་ཡུལ་ལྷ་གཞི་བདག ཀླུ་གཉན་བཙན་གསུམ་བཅས་ལ་གང་བབ་ཀྱི་གསོལ་མཆོད་བྱ་དུས། བཟོ་དབྱིབས་དང་དར་ཚོན། ཁ་དོག་སོགས་མི་འདྲ་བའི་མདའ་དག་ནི་ལྷ་བྱེ་བྲག་པའི་མཚོན་བྱེད་རེད་ཅེས་[16]ལྟ་བུ་མཚོན་ན་ཁྱིམ་དང་མཛོད་ཀྱི་གཡང་མདའ་དང་། ལབ་ཙེ་མདའ་བསྟོད། མདའ་རྒོད་ལྷའི་སྐུ་རྟེན་བྱེད་པ་སོགས་ལས་དེར་དངོས་ཤུགས་གང་རུང་དུ་ནུས་པ་དང་སྟོབས་ཤུགས་དཔག་ཏུ་མེད་པ་ཞིག་ལྡན་པ་ངེས་ལ་གོ་གནས་མཐོན་པོ་ཞིག་ཡོད་པར་ཚོར་ཐུབ་པས་ཡར་མཐོ་སར་འཇོག་པ་དང་བརྫི་འགོམ་བྱེད་པར་འཛེམ་པའི་གོམས་སྲོལ་ཞིག་ཆགས་འདུག གཞན་དམངས་ཁྲོད་དུ་མདའ་རྩེད་ལ་མ་སོང་པའི་སྔོན་གྱི་ཉིན་འགའ་ཤས་ལ་བུད་མེད་དང་འབྲེལ་འདྲིས་མི་བྱེད་པ་དང་། མདའ་རྩེད་འགྲོ་བའི་ནངས་མོར་མདའ་བ་ཐམས་ཅད་མཉམ་གཅིག་ཏུ་འཛོམས་ཏེ་དགྲ་ལྷ་བསྐོར་བའི་སྲོལ་ཞིག་ཡོད་ལ། དགྲ་ལྷ་བསྐོར་བའི་རྗེས་ནས་དུས་ཡུན་ཐུང་ཐུང་ནང་དུ་གྱོན་པ་མི་ཕུད་པའི་སྲོལ་ཞིག་མཆིས། དེའི་རྒྱུ་མཚན་ནི་ཅི་ཡིན་ཟེར་ན། ལུས་རྩལ་རྣམ་གྲངས་དེ་དག་ནི་དགྲ་ལྷ་འཁོར་བྱེད་དང་། གཡང་འགུག་བྱེད། རྟེན་འབྲེལ་ལ་བརྟག་པ། དེ་མིན་ཆོས་ལུགས་ཀྱི་ཆོ་ག་བསྒྲུབ་བྱེད་དང་མོ་ཆོས་ལ་སོགས་ཆོས་ལུགས་ནང་དོན་གྱིས་ཕྱུག་ཅིང་། ཆོས་ལུགས་འཛེམ་བྱ་ནི་འཛེམ་བྱའི་ནང་གཙོ་བོ་ཞིག་ཡིན་ཞེས་པ་བཞིན་འཛེམ་བྱའི་གནས་མང་པོ་ཞིག་ཡོད་པ་རྟོགས་ནུས་སོ། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1