ཛམ་བྷ་ལའི་འགྲོ་འདྲེན་གྱི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་དང་༼ཛམ་ཐང་རྫོང་གི་རི་ཆུའི་རིག་གནས༽ཞེས་པའི་དེབ་གསར་པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་ནས་གཟབ་རྒྱས་ངང་སྤེལ།

གསར་འགོད་པ། མཚོ་མོ་སྐྱིད། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 10-24


༡༠ཚེས་༢༢ཉིན། ཛམ་བྷ་ལའི་འགྲོ་འདྲེན་གྱི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་དང་༼ཛམ་ཐང་རྫོང་གི་རི་ཆུའི་རིག་གནས༽ཞེས་པའི་དེབ་གསར་པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་ཁྲེང་ཏུའུ་གྲོང་ཁྱེར་ནས་གཟབ་རྒྱས་ངང་སྤེལ།

ཐེངས་འདིའི་མཛད་སྒོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་།   ཛམ་ཐང་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཛམ་ཐང་རྫོང་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས།  ཛམ་ཐང་རྫོང་གི་ཛམ་བྷ་ལའི་རིག་གནས་ཞིབ་འཇུག་ལྟེ་གནས། ཁྲེང་ཏུའུ་ཏཱ་ཀོན་མཛེས་རྩལ་ཁང་།  ཛམ་ཐང་རྫོང་ཛམ་བྷ་ལའི་འགྲོ་འདྲེན་ཐང་ག་བརྒྱུད་སྦྱོང་ཁང་བཅས་ཀྱིས་འགན་སྒྲུབ་བྱས།  མཛད་སྒོའི་ཐོག་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ། ལྷ་རིས་སྒྱུ་རྩལ་པ་སོགས་མང་པོ་མཉམ་དུ་འཛོམས་ནས་༼ཛམ་ཐང་རྫོང་གི་རི་ཆུའི་རིག་གནས༽པར་སྐྲུན་འགྲེམ་སྤེལ་བྱས་པར་ཤིས་ཚིག་ཕུལ་ཞིང་། ཛམ་ཐང་རྫོང་ཛམ་བྷ་ལའི་འགྲོ་འདྲེན་ཐང་ག་བརྒྱུད་སྦྱོང་ཁང་གིས་བོད་ཀྱི་ཐང་ག་གཙོར་བྱས་པའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལས་ཀར་གདེང་འཇོག་བཟང་པོ་དང་།  བརྒྱུད་སྦྱོང་ཁང་གི་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་ནས་བགྲོ་གླེང་གནང་།   གཞན་ད་དུང་ཛམ་ཐང་རྫོང་ཛམ་བྷ་ལའི་འགྲོ་འདྲེན་ཐང་ག་བརྒྱུད་སྦྱོང་ཁང་གི་སྐབས་དང་པོའི་མཐར་ཕྱིན་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་གནང་བ་དང་། ཛམ་ཐང་རྫོང་ཛམ་བྷ་ལའི་འགྲོ་འདྲེན་ཐང་ག་བརྒྱུད་སྦྱོང་ཁང་གི་སློབ་མ་རྣམས་ཀྱི་ཐང་གའི་བརྩམས་ཆོས་ཡུལ་དངོས་ནས་འགྲེམས་སྟོན་བྱས།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་༼ཛམ་ཐང་རྫོང་གི་རི་ཆུའི་རིག་གནས༽ཞེས་པའི་དཔེ་ཆ་འདི་ནི་ཛམ་ཐང་རྫོང་ཛམ་བྷ་ལའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་བོད་རིག་པ་ཞིབ་འཇུག་པ་ཚེ་རིང་མགོན་པོ་དང་ལུག་ལོ་སོགས་ཀྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས།  དེབ་དེ་ནི་ཁོར་ཡུག་སྲུང་སྐྱོང་དང་།  རིག་གནས་རྒྱུད་འཛིན་གཙོར་བཟུང་ནས་ཛམ་ཐང་གི་རི་ཆུའི་རིག་གནས་ཕྱོགས་བསྒྲིགས་བྱས་པའི་དེབ་ཅིག་ཡིན།  ལེའུ་དང་པོར་རི་བོ་དང་།  ལེའུ་གཉིས་པར་ཆུ་བོ།  ལེའུ་གསུམ་པར་གྲོང་སྡེ།  ལེའུ་བཞི་བར་གནའ་ཤུལ་གྲགས་ཅན།  གཞན་ཟུར་བཀོད་ཀྱི་ནང་དུ་རི་ཆུའི་གནས་ཡིག་དང་།  རི་ཆུའི་བསང་ཡིག   གནས་བསྟོད་ཀྱི་སྐོར་བཅས་བཀོད་ཡོད།  དེབ་དེ་པར་སྐྲུན་བྱས་པ་ཡིས་ཛམ་ཐང་གི་ལོ་རྒྱུས་རིག་གནས་སྔོག་འདོན་དང་། ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གལ་ཆེན་མཁོ་འདོན་བྱས་ཡོད་ཅིང་།  ཛམ་ཐང་རྫོང་གི་རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་དང་།  ཛམ་ཐང་རྫོང་གི་སྐྱེ་ཁམས་དཔལ་ཡོན་ཇེ་ལེགས་ཇེ་རྒྱས།  སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གོང་འཕེལ་གཏོང་བ་སོགས་ཀྱི་ཐད་ནས་དོན་སྙིང་ཆེན་པོ་ལྡན་ཡོད།

ཛམ་ཐང་རྫོང་ཛམ་བྷ་ལའི་འགྲོ་འདྲེན་ཐང་ག་བརྒྱུད་སྦྱོང་ཁང་ནི་༢༠༡༧ལོར་སི་ཁྲོན་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་འགྲོ་འདྲེན་ལགས་ཀྱིས་བཙུགས་ཤིང་སློབ་མ་ལྔ་བཅུ་ལྷག་བསྡུ་ལེན་བྱས།   བརྒྱུད་སྦྱོང་ཁང་གིས་སློབ་མ་རྣམས་ལ་རིན་མེད་དུ་གསོ་སྦྱོང་འཚོགས་པ་དང་།   ཟ་རིན་དང་ཉལ་ཁང་གི་རིན་པ་ཡང་ལེན་བཞིན་མེད། སློབ་མ་རྣམས་ཀྱིས་དུས་ཡུན་རིང་བོར་ཛམ་ཐང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལས་ཀའི་ཁྲོད།  སྲོལ་རྒྱུན་གྱི་ལག་ཤེས་ལ་སློབ་སྦྱོང་བྱེད་པ་བརྒྱུད་ནས་ལས་ཞུགས་ཀྱི་གོ་སྐབས་ཀྱང་རེག་བཞིན་ཡོད་ལ།   ཛམ་ཐང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་དང་གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ཡར་རྒྱས་གོང་འཕེལ་གཏོང་བར་ནུས་པ་ཐོན་བཞིན་ཡོད།  མིག་སྔར།   བརྒྱུད་སྦྱོང་ཁང་གི་སློབ་མ་མང་ཆེ་ཤོས་རྫོང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པར་གྱུར་ཡོད་ཅིང་།   ཐང་ག་སུམ་ཅུ་ལྷག་དང་ཐང་ག་རྩ་ཆེན་བཞི་འབྲི་བཞེངས་གནང་ཡོད།    བརྩམས་ཆོས་དེ་དག་འབྲི་བཞེངས་གནང་བའི་གོ་རིམ་ཁྲོད་སློབ་མ་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་། ནང་སྒོས་སུ་ཐང་ག་གསར་བཞེངས་བྱེད་པའི་བརྩོན་སེམས་ཆེ་རུ་བསྐྱེད་ཡོད།

ཐེངས་འདིར་ཛམ་ཐང་རྫོང་གིས་ཁྲེང་ཏུའུ་གྲོང་ཁྱེར་དུ་བྱེད་སྒོ་འདི་འདྲ་སྤེལ་བ་ཡིས་མི་རིགས་ས་ཁུལ་གྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཕྱི་ཕྱོགས་སུ་མཚམས་སྦྱོར་བྱས་ནས། མི་སྔར་ལས་མང་པོས་དེ་ལ་དོ་སྣང་དང་ཐུགས་ཁུར། རྒྱབ་སྐྱོར་སོགས་གནང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཞིང་། མི་རིགས་ས་ཁུལ་གྱི་ནང་དོན་གཏིབ་ཟབ་པའི་སྲོལ་རྒྱུན་རིག་གནས་དང་སྒྱུ་རྩལ་བརྩམས་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ནས་ནུས་པ་ཆེན་པོ་ཐོན་ངེས།  རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཐང་ག་འགྲེམས་སྟོན་གྱི་བྱེད་སྒོ་ཟླ་༡༡ཚེས་༡༣བར་དུ་སྤེལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1