༄༅།། གསོམ་སྤྱིལ་ཆ་ཡིག་ལྒང་ཞུའི་དུས་ཆེན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 10-25


གསོམ་སྤྱིལ་ཆ་ཡིག་ལྒང་ཞུའི་དུས་ཆེན་ནི་འབྲུག་ཆུ་རྫོང་དུ་རྒྱུན་མཐུད་ཡུན་རིང་ཤོས་ཡིན་ཞིང་་ཆེས་གཟབ་རྒྱས་ཀྱི་སྲོལ་རྒྱུན་དུས་ཆེན་ཡིན། འབྲུག་ཆུའི་གློག་སྒྱུ་རྩལ་དང་ཚོགས་མཆོད། ཆ་ཡིག ཡིག་རིས། སྙན་ངག དམངས་ཁྲོད་ཀྱི་རོལ་རྩེད། ཆོས་ལུགས།ལོ་གསར་གྱི་གོམས་སྲོལ་སོགས་རིག་གནས་བྱེད་སྒོ་མང་པོ་གཞི་གཅིག་འདུས་པ་དང་གཞི་ཁྱོན་ཆེ་བས་འཛམ་གླིང་དུ“གཅིག་ལས་མེད ” སྟབས། ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཁར་དམངས་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པས། འབྲུག་ཆུ་རྫོང་གི་ལུགས་རྙིང་གི་བྱེད་སྒོ་ཧྲིལ་པོའི་མཐོ་རླབས་འཕྱུར་བར་བྱེད།


       ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན།འབྲུག་ཆུའི་གསོམ་སྤྱིལ་ཆ་ཡིག་ལྒང་ཞུའི་དུས་ཆེན “ ལྒང་ཞུ་སུའེ་ཐང་རྒྱལ་རབས་ལས་བྱུང་ཞིང་ཆ་ཡིག་མིང་ཆིང་རྒྱལ་རབས་སུ་བྱུང་”ཞེས་བཀོད་འདུག་ལ། ད་ལྟའི་བར་ལོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་དེ།     “དབྱང་ཀྲོའུ་གཉིས་པ་ལས་མི་དམན” ཞེས་པའི་མཚན་སྙན་ཡོད། ལོ་གསར་ཚེས་བརྒྱད་ཉིན་ནས་བཟུང་འབྲུག་ཆུ་རྫོང་མཁར་གྱི་སྲང་ལམ་གཉིས་དང་འགག་སྒོ་བཞིར་ལྒང་ཞུ་ཚོགས་པའི་རྩ་འཛུགས་སྒྲིག་འཛུགས་བྱས་ནས། ཁོངས་གཏོགས་ཀྱི་སྲང་ལམ་ཆེ་ཆུང་གང་སར་མུ་འབྲེལ་གསོམ་སྤྱིལ་ལྒང་ཞུའི་གློག་ཁྱམས་དང་སྒྲོན་ཁེད་མཉམ་སྤྲོའི་དགོང་ཚོགས་བཀོད་སྒྲིག་བྱས། ཁྱིམ་ཚང་རེ་རེས་སྤྲོ་གསེང་ལ་རྟེན་འབྲེལ་ཞུ་ཆེད་ཉེ་འགྲམ་གྱི་གསོམ་སྤྱིལ་འོག་གམ་རང་ཁྱིམ་གྱི་སྒོ་ཁྱམས་མདུན་དུ་ལྒང་ཞུ་ཚོན་ཁྲ་སྣ་མང་བཟོས་ཏེ་བཏགས། གསོམ་སྤྱིལ་གློག་ཁྱམས་སྔོན་ལ་བལྟས་ན་མགོ་མི་མཐོང་ཞིང་རྗེས་ལ་བལྟས་ན་མཇུག་མི་རིག་པ། འབྲེལ་མཐུད་ཀྱི་རྣམ་པ་དེ་ནི་སུམ་རྩེན་ཕོ་བྲང་དང་གཉིས་སུ་མ་མཆིས།  སྲང་ལམ་དེ་ལྗང་མདོག་གི་ཁྱམས་རིང་དང་སྒྲོན་མེའི་གུར་ཁང་། ཆ་ཡིག་གི་སྟོན་ཆེན། ཡིག་རིས་ཀྱི་འཇིག་རྟེན་ཞིག་ཏུ་གྱུར། ཆ་ཚིག་མང་ཆེ་བ་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་རང་བརྩམས་རང་བྲིས་བྱས་ཤིང་ལ་ལས་དངོས་པོའི་གནས་ལུགས་ལ་བསྟོད་བསྔགས་བྱེད་པའམ་ལ་ལས་བརྩེ་དུངས་ལ་བསྔགས་པ། ལ་ལས་རྟེན་འབྲེལ་གྱི་ཤིས་ཚིག་འབྲི་བ། ལ་ལས་སངས་རྒྱས་བསྟན་པའི་བསྟན་དོན་བརྗོད་པ་སོགས་ནང་དོན་ཟབ་ལ་རྒྱང་རིང་བ་དང་རྩེད་མཚར་གཏམ་གྱིས་ཕྱུག་པའོ། ལྒང་ཞུ་ཚོན་ཁྲའི་སྟེང་དུ་སྙན་ངག་དང་རི་མོ། གུས་ལུགས་ཉེར་བཞི། སྟོང་ཁྱིམ་སྙན་རྩོམ་གྱི་གཏམ་རྒྱུད་དང་རང་བྱུང་མཛེས་ལྗོངས་སོགས་བྲིས་ཡོད། ས་རུབ་རྗེས་རི་གྲོང་ཉེ་རིང་ནས་འོངས་པའི་མི་ཁྲི་འགའ་གསོམ་སྤྱིལ་ལྒང་ཞུའི་དུས་ཆེན་དུ་ཞུགས་ནས “ ཁྱིམ་མི་ཚང་མས་སྙན་ངག་རི་མོར་རོལ།།ལྒང་ཞུའི་ཆ་ཡིག་གང་སར་བཀླག་ཅིང་འདོན།།” ཧོར་ཟླ་དང་བོའི་ཚེས་བཅོ་ལྔ་ནས་བཅུ་དགུའི་བར། ས་གནས་མང་ཚོགས་ཀྱིས་ད་དུང་གསོམ་སྤྱིལ་འོག “སེང་གེ་རྩེད་པ” དང་།  “གཡུ་འབྲུག་རྩེད་པ ” “དམངས་སྲོལ་འཁྲབ་སྟོན་རྩེད་པ ”  “ ལྷ་མོ་འཕགས་པ་བསུ་བ” སོགས་དགའ་བ་འབུམ་གྱིས་མྱོས་པ་རེད། མི་ཚོགས་རྦ་རླབས་བཞིན། གློག་འོད་རྒྱ་མཚོ་འདྲ། མི་རྣམས་ཀྱིས་སྙན་ངག་གྱེར་ཞོར་དང་ཆ་ཡིག་སྒྲིག་ཞོར་དུ་སྒྱུ་རྩལ་གྱི་རྩལ་རྫོགས་པའི་ལྒང་ཞུའི་སྒྱུ་རྩལ་དང་ཡིག་རིས་ལ་ཉམས་སུ་བཞེས་ཤིང་དམངས་སྲོལ་གྱི་འཁྲབ་སྟོན་ལ་རོལ་བ། རིག་པའི་བགྲོ་གླེང་གིས་གྲོགས་དག་འཕྲད་པར་ཤེས་མེད་ཚོར་མེད་ཀྱིས་མཚན་གུང་ལ་བསླེབས།

    འབྲུག་ཆུའི་གསོམ་སྤྱིལ་ཆ་ཡིག་ལྒང་ཞུའི་དུས་ཆེན་དེ་ཧོར་ཟླ་དང་པོའི་ཉི་ཤུའི་བར་དུ་ད་གཟོད་མཇུག་རྫོགས་པ་དང་། དེ་ཡིས་འབྲུག་ཆུའི་མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་གཅིག་བསྡུས་ཀྱིས་མཚོན་ཞིང་། དེ་ཡང་སྣ་མང་ཅན་དང་ཕྱོགས་བསྡུས་རང་བཞིན་གྱི་དམངས་སྲོལ་དུས་ཆེན་གཟབ་རྒྱས་ཡིན་པས་ན། ཀན་ལྷོ་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྣམ་གྲངས་སུའང་གྱུར་ཏོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1