རྒན་བཀུར་རྒན་གཅེས་ཀྱི་དུས་ཆེན་ལ་རྒན་རྒོན་ཚོར་བྱམས་བརྩེའི་དྲོད་ཁོལ་སྦྱིན་པ།

གསར་འགོད་པ། ལྷ་མོ་ཚེ་རིང་། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-25


རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་བཏང་ནས་རྒན་རྒོན་གྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་ཆེད། ཟླ་10བའི་ཚེས་23ཉིན་སྟག་ཚ་གྲོང་རྡལ་སྐྱ་འོད་ཁྲོམ་གཞུང་སྡེ་ཁུལ་གྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཁྲེང་ཏུའུ་གྲོང་ཁྱེར་ཕེ་ཏུའུ་ཁུལ་ཨན་ཏེ་གྲོང་རྡལ་དུ་བསྐྱོད་ནས། དགུ་འཛོམས་དུས་ཆེན་ལ་རྒན་པར་གཅེས་སྐྱོང་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ། རྫོང་ཕྱིའི་ལོ་ན་༦༠ཡན་གྱི་རྒན་རྒོན་120ལྷག་ཙམ་གདན་ཞུས་ལྟར་བྱེད་སྒོར་ཞུགས།

བྱེད་སྒོའི་ཁྲོད་ལོ་ལོན་ཚོས་མཉམ་དུ་མིག་མངས་རྩེ་བ་དང་ཇ་འཐུང་ཞོར་གང་བསམ་ལྷུག་བརྗོད་དང་བསམ་བློ་བརྗེ་རེས་བྱེད་པ། བུ་ཕྲུག་ཚོའི་སྤྲོ་སྣང་མཉམ་སྤྱོད་བྱེད་པའམ་ཡང་ན་འགྲོ་འོང་ལ་ཕྱིར་དྲན་བྱེད་པ། མཛོད་དགེ་ནས་གནས་བཅའ་བའི་སྐབས་ཀྱི་ལང་ཚོའི་གཏམ་རྒྱུད་དང་མི་ཚེའི་ངོ་མཚར་ལ་ཕྱིར་དྲན་བྱས་པས་ཚང་མར་དུས་ཆེན་གྱི་ཉིན་མོ་འདིས་སེམས་འགུལ་ཟབ་མོ་ཐེབས།

སྡེ་ཁུལ་གྱི་ལས་དོན་མི་སྣ་ཡང་རྒན་རྒོན་རྣམ་པའི་གྲལ་དུ་བསྡད་ནས་ཁོང་ཚོ་དང་མཉམ་དུ་བྱམས་བརྩེའི་གླེང་མོལ་བྱས། ཁོང་ཚོའི་འཚོ་བའི་གནས་ཚུལ་དང་གཟུགས་པོའི་གནས་ཚུལ་འདྲི་རྟོགས་བྱས་པ་མ་ཟད། དབང་པོ་སྐྱོན་ཅན་དང་འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་རྣམ་པར་འཁར་བ་20དང་སྟབས་བདེའི་འདུག་ཆས་4སྦྱིན་པ་རེད།

བྱེད་སྒོའི་ཁྲོད། སྡེ་ཁུལ་གྱི་འགན་འཁུར་པས་ད་དུང་རྒན་རྒོན་རྣམ་པར་སྡེ་ཁུལ་གྱི་ད་ཡོད་གནས་ཚུལ་དང་ཉེ་བའི་ལོ་ཤས་རིང་གི་རྒན་རྒོན་གྱི་བྱེད་སྒོ་སྤེལ་ཚུལ་བཅས་ངོ་སྤྲོད་བྱས་པ་མ་ཟད། དེར་བཞུགས་ཀྱི་རྒན་རྒོན་རྣམ་པར་དུས་ཆེན་གྱི་སྨོན་འདུན་ཡང་ཡང་ཞུས། དེ་དང་ཆབས་ཅིག་སྡེ་ཁུལ་དུ་ད་དུང་རྒྱན་ཤོག་ལེན་པ་སོགས་ཀྱི་རོལ་རྩེད་འགའ་ཡང་བཀོད་སྒྲིག་བྱས་ནས་དྲོད་ཕོར་དང་སྐེ་དཀྲིས། ཞྭ་མོ། རྣ་ཁེབས། སྔོ་ཚལ་སྣ་ཚོགས་བཅས་བྱ་དགར་བརྩིས་ནས་བྱིན་པས་རྒན་རྒོན་རྣམ་པར་སྤྲོ་སྐྱིད་བླ་ལྷག་དུ་འཕེལ།

ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་དྲོ་སྐྱིད་ལྡན་པ་དང་ཞི་མཐུན་གྱི་རྒན་བཀུར་རྣམ་པའི་ཁོར་ཡུག་ཞིག་བསྐྲུན་ཏེ། གནས་འདིའི་ལོ་ལོན་ཚོར་གཞིས་ཁུལ་གྱི་ཁྱིམ་ཚང་ཆེན་མོ་འདིའི་དྲོ་སྐྱིད་ཚོར་དུ་བཅུག་པར་མ་ཟད། དུས་ཆེན་གྱི་བྱམས་བརྩེའི་དྲོད་ཁོལ་ཡང་མྱོང་དུ་བཅུག་ཐུབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1