༄༅།། བོད་ལྗོངས་ཆབ་མདོའི་སྤོ་ལུ་ཤང་གནའ་བོའི་ཤིང་རྐོས་གྲོང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 11-02


  བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལུ་ཤང་ཡེ་སངས་གྲོང་ཚོར“སྤོ་ལུའི་སྐུ་ཚེའི་ཤིང་རྐོས་བཟོ་རྩལ”གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་འཕེལ་གྱིས་དགེ་ཕྲུག་ལ་ཤིང་རྐོས་རྒྱག་སྟངས་མཛུབ་ཁྲིད་ནན་ཏན་བྱེད་བཞིན་ཡོད་པ་རེད། 2008ལོར“སྤོ་ལུའི་སྐུ་ཚེའི་ཤིང་པར་རྐོ་བའི་བཟོ་རྩལ”དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། ད་ལོ་ལོ་60ལ་སླེབས་པའི་ཚེ་འཕེལ་གྱིས་ལོ་12ནས་གནའ་བོའི་ལག་རྩལ་དེ་སྦྱངས་པ་དང་ཁོང་ནི་རྒྱུན་འཛིན་པ་མི་རབས་དགུ་པ་རེད། ཚེ་འཕེལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྤོ་ལུ་ཤང་གི་ཤིང་རྐོ་ལ་ད་བར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པ་དང་སྤོ་ལུ་ཤང་ནི་བོད་ཀྱི་ཤིང་པར་འདེབས་ཅུང་སྔ་བའི་ས་ཁུལ་ཞིག་ཡིན་ཞིང་། ཐོན་ཁུལ་གཙོ་བོ་ཡེ་སངས་གྲོང་ཚོར“གནའ་བོའི་ཤིང་རྐོས་གྲོང་ཚོ”ཞེས་སུ་གྲགས། དེ་སྔའི་ཡེ་སངས་གྲོང་ཚོར་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་མི་ཚང་བ་དང་། ཤིང་རྐོ་བ་ཁ་ཐོར་དང་རྩ་འཛུགས་མེད་པ། ལག་ཤེས་བཟོ་རྩལ་གྱི་ཚོང་ལམ་གུ་དོག་པ་བཅས་ཀྱིས་རྐྱེན་པས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་ལ་དཀའ་ངལ་འཕྲད། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ད་ཕན་ལོ་ཤས་རིང་ཡུལ་དེའི་སྲིད་གཞུང་གིས་མ་དངུལ་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་ཤིང་ཆས་མི་རིགས་ལག་ཤེས་སྒྱུ་རྩལ་ཀུང་སི་བཙུགས་པ་དང་ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སིས་རྒྱ་ཁྱོན་སྨི་ངོས་གྲུ་1400ལྷག་ཙམ་ཟིན་པའི་ལས་ཀའི་འཁོར་ཁང་སྐྲུན་རོགས་བྱས་པ་དང་འབྲེལ་ཕྱིར་ཚོང་ཐོན་ཁུངས་འཚོལ་རོགས་བྱས་པ་རེད། ཚེ་འཕེལ་གྱིས་མཚོན་པའི་རྒྱུན་འཛིན་པར་ཡང་ཕྱི་ཕྱོགས་སུ་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་རག་པ་དང་གསོ་སྦྱོང་བགྲོ་གླེང་བརྒྱུད་ཁོང་ཚོའི་ཤིང་རྐོས་སྒྱུ་རྩལ་ཟམ་མི་ཆད་པར་བྱང་ཆུབ་པར་གྱུར། ཕྱོགས་མང་པོའི་འབད་བརྩོན་འོག་ཡེ་སངས་གྲོང་ཚོའི་པར་ཤིང་ཐོན་ལས་རིམ་བཞིན་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཆེས་ཆེར་སོང་ཞིང་། ཉེ་བའི་ལོ་ལྔའི་རིང་ཡེ་སངས་གྲོང་ཚོ་དང་སྤྱི་ཚོགས་ལས་རིགས་ཁག་དབར་གྲུབ་པའི་མངག་ཐོའི་དངུལ་འབོར་སྒོར་དུང་ཕྱུར་གཅིག་ལྷག་ཙམ་ཟིན་པ་རེད། ད་ཆ་ཤིང་རྐོས་ཐོན་ལས་དེ་ཡེ་སངས་གྲོང་ཚོའི་དཔལ་འབྱོར་ཡོང་ཁུངས་གཙོ་བོར་གྱུར་པ་དང་གྲོང་མི་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་ཡོད། ཤིང་རྐོས་ཐོན་ལས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་བྱུང་བ་དང་ཤིང་རྐོས་ལས་ལ་གཞོལ་བཞིན་པའི་བཟོ་པ་ཚོའི་ཟླ་རེའི་ཡོང་འབབ་སྒོར་6000ཙམ་ཟིན་གྱི་ཡོད། ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་སོང་ནས་གཞོན་ནུ་དེ་བས་མང་བ་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཅིང་། དབྱངས་ཅན་སྒྲོལ་དཀར་ནི་ཡུལ་གཞན་ནས་དེ་གར་ལག་རྩལ་སྦྱོང་བར་ཡོང་བ་དང་། ཁོང་གིས་གསར་འགོད་པར“འདི་གར་ལག་རྩལ་རྩེ་གྲ་སྦྱོང་ཐུབ་པ་མ་ཟད་ཡོང་འབབ་ཀྱང་ཡག་པོ་འདུག ལས་ཀའི་དུས་ཚོད་ཅུང་རང་མོས་ཡིན་པས་ལས་ཀ་གཞན་དག་ཀྱང་ལས་ཐུབ་ཀྱི་འདུག་པས་ལས་ཀ་འདིར་ཧ་ཅང་དགའ་པོ་འདུག”ཅེས་བཤད། གྲོང་གསེབ་དར་རྒྱས་ལ་སྔར་བས་རམ་འདེགས་བྱ་ཆེད་ཡེ་སངས་གྲོང་ཚོའི་གྲོང་མིས་ཤིང་རྐོས་ལག་རྩལ་སྤྱད་དེ་སྣ་ཁ་དེ་བས་མང་བའི་རིག་གནས་བསམ་བཀོད་ཐོན་རྫས་བཟོ་བཞིན་ཡོད་པ་དང་། དྲ་ཐོག་ཕྱིར་ཚོང་གི་ཐབས་ལམ་གསར་སྤེལ་གྱི་ཚོད་ལྟ་བྱས་ནས་སྤོས་སོགས་ཁྱད་ལྡན་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་བཞིན་ཡོད། ཡེ་སངས་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ལི་ཡུས་ཀྱིས“ང་ཚོས‘སྤོ་ལུའི་གནའ་བོའི་ཤིང་རྐོས་བཟོ་རྩལ’གྱི་སྤུས་རྟགས་ཧུར་ཐག་གཏོད་བཞིན་ཡོད་པ་དང་། གྲོག་རོང་གི་ཡུལ་སྲོལ་གོམས་འདྲིས་ཡུལ་སྐོར་སོགས་རྣམ་གྲངས་ཀྱིས་འདེགས་སྐྱོར་བྱས་ཏེ་ཤིང་རྐོས་ཀྱི་གནའ་ཤུལ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བཞིན་ཡོད”ཅེས་བཤད།  གྲོང་ཚོའི་ཁང་པ་རིམ་བཞིན་ལེགས་སུ་ཕྱིན་པ་དང་འདི་གར་ཡུལ་སྐོར་ལྟ་སྐོར་དུ་ཡོང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ཤིང་རྐོས་བཟོ་རྩལ་ལ་བརྟེན་ནས་ཚང་མར་ཤེས་བྱ་སྦྱོང་ཐུབ་པ་དང་ཡོང་འབབ་ཀྱང་འཕར་བ་མཐོང་སྐབས་ཧ་ཅང་དགའ་པོ་འདུག ངས་ཀྱང་མིག་ཤེད་ཡག་པའི་སྐབས་དང་བསྟུན་ནས་དགེ་ཕྲུག་གང་མང་ཁྲིད་གང་ཐུབ་བྱས་ཏེ་ལག་ཤེས་དེར་བརྟེན་ནས་འཚོ་བ་དེ་བས་ཡག་པ་སྐྱེལ་རྒྱུ་ཡོང་བ་བྱེད་ཀྱི་ཡིན”ཞེས་ཚེ་འཕེལ་གྱིས་བཤད།

དེ་ལྟར་ཚེ་འཕེལ་དང་འདྲ་བ་དེ་བས་མང་བས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཤིང་ལེབ་སྟེང་གི་སྤུས་ཀ་དག་པའི་པར་རིས་དེ་དག་མཛེས་སྡུག་ལྡན་པའི་དངོས་ཡོད་འཚོ་བར་གྱུར་ཐབས་བྱེད་བཞིན་མཆིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1