གཞས་མ་སྒྲོན་པེ་ཡི་གླུ་གཞས་ཆེད་ཚོགས་ཨ་མདོ་བརྙན་འཕྲིན་ནས་འཚོགས།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཉིན་རེའི་གངས་ལྗོངས། སྤེལ་དུས། 11-06


ཨ་མདོ་བརྙན་འཕྲིན་གྱི་ཕུལ་བྱུང་གཞས་པ་གཞས་མའི་མུ་འབྲེལ་གླུ་གཞས་ཆེད་ཚོགས༼གངས་རིའི་སྐར་རྒྱན ༽ལས། ཨ་ཅེ་འབྲོག་མོ་སྒྲོན་པེ་ཡི་མི་སྒེར་གླུ་གཞས་ཆེད་ཚོགས༼དྲིན་གྱི་མཆོད་དབྱངས༽ཞེས་པ་དེ་སྤྱི་ཟླ་༡༡པའི་ཚེས་༥ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་པའི་སྟེང་། མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་འཚོགས་ཤིང་། ཨ་མདོ་བརྙན་འཕྲིན་གྱི་དུས་དབྱངས་འཕྲིན་སྟེགས་དང་སྐད་འཕྲིན་བརྙན་ལམ་ནས་དགོང་ཚོགས་ཧྲིལ་པོ་དུས་མཉམ་དུ་ཐད་གཏོང་བྱས།

ཨ་ཅེ་འབྲོག་མོའམ་མིང་དུ་གྲགས་པའི་གཞས་མ་སྒྲོན་པེ་ལགས་ལོ་ངོ་ཉི་ཤུའི་ཡར་སྔོན་ནས་གླུ་གཞས་སྒྱུ་རྩལ་གྱི་ལམ་ལ་དངོས་སུ་ཞུགས་ཏེ། སྤྱི་ལོ་༢༠༠༣ལོར་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ཆེན་མོ༼གངས་ལྗོངས་མཆོད་བསྟོད་ཆེན་མོ༽ཞེས་པའི་སྟེང༼ཆ་ལེ་མོ་བསྭོ༽ཞེས་པའི་གླུ་གཞས་སྙན་མོ་ཞིག་བླངས་པ་ནས་བཟུང་ལྟ་མཁན་མང་པོས་ཐོག་མར་ཁོ་མོ་ངོ་ཤེས་པར་གྱུར་ཅིང་། དེའི་རྗེས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་སྙེག་པའི་ལོ་ཟླའི་ཁྲོད་ནས། ༼ཨ་ཅེ་འབྲོག་མོ༽དང༼འབྲི་མོ་བཞོ་དབྱངས༽ལ་སོགས་པའི་སྙན་པའི་འགྱུར་ཁུགས་རབ་ཏུ་རྫོགས་པའི་གླུ་གཞས་སྙན་མོ་གང་མང་ཞིག་སྔ་ཕྱིར་བཏང་བ་དེ་ཡིས་ཁོ་མོ་གཞི་ནས་བོད་འབྲེལ་ས་ཁུལ་ཡོངས་ལ་སྐད་གྲགས་ཀྱིས་ཆོད་པར་གྱུར་ཏེ། ལྟ་མཁན་དང་ཉན་མཁན་ཁྲི་སྟོང་མང་པོར་ཤུགས་རྐྱེན་དང་བག་ཆགས་ཟབ་མོ་བཞག 

ལོ་ངོ་ཉི་ཤུའི་རྗེས་ཀྱི་དུས་དེ་རིང་། ཨ་ཅེ་འབྲོག་མོས་རྩྭ་ཐང་ཡངས་པོའི་མཛེས་སྡུག་དང་། གངས་ཆབ་དྭངས་མོའི་འགྱུར་ཁུགས་གླུ་ངག་ལ་བསྣམས་ཏེ་ཕྱིར་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི༼གངས་རིའི་སྐར་རྒྱན༽གར་སྟེགས་ལ་སླེབས་ནས། ༼དྲིན་གྱི་མཆོད་དབྱངས༽ཞེས་པའི་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་ཤིག་ལོ་ངོ་ཉི་ཤུའི་གླུ་གཞས་སྒྱུ་རྩལ་གྱི་བཤུལ་ལམ་ནས་ཁོ་མོ་ལ་གྲོགས་དན་བགྱིས་པ་ཡོངས་ལ་དྲིན་གཟོ་ཞིག་གི་ཚབ་ཏུ་ཕུལ་ཡོད་པ་རེད། 

ཐེངས་འདིའི་ཨ་ཅེ་འབྲོག་མོ་སྒྲོན་པེ་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་དེ་གོང་གསལ་གྱི་འཐུས་ཚབ་བརྩམས་ཆོས་དག་གཙོ་བྱས་ཐོག །མངའ་རིས་ཀྱི་དམངས་གཞས༼ཁ་རག་རི༽ཞེས་པ་དང་། འབའ་གཞས༼སྟོང་སྐུད་སུམ་གཤིབ༽ རྒྱལ་མོ་རོང་པའི་དམངས་གཞས༼རྟེན་འབྲེལ་བཟང༽ལ་སོགས་པའི་གླུ་གཞས་བརྩམས་ཆོས་ཉི་ཤུར་ཉེ་བ་ཞིག་གིས་གྲུབ་པར་བྱས་ཡོད་ཅིང་། གླུ་མ་དབྱངས་ཅན་ལྷ་མོ་དང་། གླུ་པ་སྒྲོལ་མ་སྐྱབས། སྙན་སྒྲོན་པ་གྲགས་ཅན་འབྲུག་ལྷ་རྒྱལ། དེ་མིན་གཞས་ཚོགས་དང་རམ་དཀྲོལ་རོལ་མོ་ཚོགས་པ་མང་པོ་ཞིག་ཐེངས་འདིའི་གླུ་གཞས་ཆེད་ཚོགས་ལ་གདན་ཞུས་ཀྱིས་ཞུགས་ཡོད་པ་རེད། 

༼དྲིན་གྱི་མཆོད་དབྱངས༽ཀྱི་དགོང་ཚོགས་ཧྲིལ་པོའི་རིང་ཐུང་ལ་དུས་ཚོད་གཉིས་ཙམ་ཡོད་ཅིང་། དགོང་ཚོགས་ཡུལ་དངོས་ན་ཡོད་པའི་སྐུ་མགྲོན་དང་ལྟད་མོ་བ། དེ་མིན་ཨ་མདོ་བརྙན་འཕྲིན་གྱི་དུས་དབྱངས་འཕྲིན་སྟེགས་དང་སྐད་འཕྲིན་བརྙན་ལམ་གྱི་ལྟད་མོ་བ་བསྡོམས་པས་མི་འབུམ་བཞི་ལྷག་གིས་དགོང་ཚོགས་ལ་བལྟས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1