༄༅།།བོད་ཀྱི་ཤུལ་བཞག་རིག་གནས་རྡོ་བརྐོས་ལག་རྩལ་གྱི་རྒྱུན་འཛིན་པ་

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-06


‍‍‍‍འཆི་མེད་རིག་འཛིན་ནི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཁྲོྃ་ཐར་ཆུས་འབའ་ཆུང་ཤང་གི་རོང་ལྷོང་ཚང་ཞེས་པའི་ཁོངས་མི་ཅུས་མ་ཞིག་གི་དུད་ཚང་དུ་ཕ་རིག་ལྡན་དང་མ་ཚང་ལྷ་གཉིས་ཀྱི་བུ་རུ་སྐྱེས།  ཁོང་ཆུང་དུས་ནས་ཕ་མ་གཉིས་ཀྱི་བསྐྱེད་བསྲིངས་བྱས་པའི་འབྲོག་པའི་སྦྲ་གུར་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཉམས་ཆུང་ཞིག་ཡིན།  དེ་ནས་ཆུང་དུས་སུ་ཕ་རྒན་གྱི་མདུན་ནས་བོད་ཡིག་རྨང་གཞིའི་ཤེས་བྱ་མཐའ་ཆགས་སུ་སྦྱངས། དེ་ནས་རང་ལོ་བཅུ་བཞི་ལོན་པ་ན་ཨ་འཛོམས་རྒྱལ་སྲས་པདྨ་དབང་རྒྱལ་གྱི་སློབ་བརྒྱུད་འཛིན་པ་ཨ་ངག་རྡོ་རྗེ་དང་དེའི་སློབ་མ་རྡོ་བརྐོས་ལག་རྩལ་ལ་བྱང་ཆུབ་པའི་སྣ་འབེ་ཞེས་པ་དེའི་མདུན་ནས་རྡོ་བརྐོས་རི་མོ་དང་འབྲུ་ཚུགས་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱས།  དེ་ནས་བཟུང་མི་ལོ་སུམ་ཅུ་སོ་གསུམ་རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁོངས་གཏོགས་རྡོ་བརྐོས་ལག་རྩལ་ལག་བསྟར་བྱས་པའི་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་དང་།   སྤྱིར་རྡོ་བརྐོས་འདི་ལ་སྒྱུ་རྩལ་དང་རྣམ་པའི་ཆ་ནས་ཁྱད་ཆོས་རིགས་མང་དུ་བགྲང་རྒྱུ་ཡོད་པར་བཤད་ཀྱང་།  དེའི་ནང་གཡུ་ཁོག་བླ་མ་ཆོས་དབྱིངས་རང་གྲོལ་གྱིས་ཕ་ཕྱིན་དྲུག་ཐིག་དང་།  ར་ལོ་བླ་མ་ཨུ་རྒྱན་རིག་འཛིན་གྱིས་སྲོང་བཙན་སྒམ་པོས་མ་ཎི་བཀའ་འབུམ་གྱི་དགོངས་པ་ལྟར་བདུན་ཐིག་དང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་བཀྲ་ཤིས་བརྒྱད་ཐིག        རྫ་དཔལ་སྤྲུལ་གྱིས་སངས་རྒྱས་སྟོང་ཐིག་དང་བཀྲ་ཚེ་བླ་མའི་ཚད་མེད་བཞི་ཐིག་སོགས་འབྲུ་ཚུགས་ལ་ཐིག་རྩའི་རྣམ་བཞག་སྣ་ཚོགས་ཡོད་པ་དེ་དག་ལ་ཁོང་གིས་ད་ལྟ་ལག་ལེན་དངོས་དང་འབྲེལ་བའི་ལག་རྩལ་བེད་སྤྱོད་བྱས་ཏེ་དེང་དུས་རྡོ་བརྐོས་མཛད་རྗེས་བླ་ན་མེད་པར་འཇོག་ཡོད།  ཁོང་རྗོང་དང་ཁུལ་རིམ་པའི་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་འགྲན་བསྡུར་དུ་ཐེངས་མང་དུ་ཞུགས་ནས་ཨང་དང་པོའི་བྱ་དགའ་བླངས་བ་མ་ཟད།   དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྒྱུན་འཛིན་པའི་ལག་འཁྱེར་ཐོབ་ཡོད།  ཁོང་ནི་གནའ་བོའི་མཁས་པའི་ཕྱག་རྗེས་དང་དེང་དུས་མཁས་པའི་ལག་རྩལ་མང་པོ་ལ་རོལ་མྱོང་བྱ་ཆེད་རྡོ་བརྐོས་ལག་རྩལ་གྱི་འབྱུང་ཁུངས་ས་གནས་ཁག་སྡེ་དགེ་དང་།  རྫ་ཆུ་ཁའི་དཔལ་དགེ་མ་ཎི།   སྐྱེ་དགུ་མདོའི་རྒྱ་ནག་མ་ཎི།  སངས་དགེ་མ་ཎི་སོགས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་ས་གནས་ཁག་དེ་དག་ལ་སོང་ནས་རིག་གནས་ལག་རྩལ་གྱི་ཁྱད་ཆོས་དུ་མ་ལ་ཉམས་མྱོང་ཐེབས་ཤིང་།  རང་ཉིད་ལ་སྔར་དང་མ་འདྲ་བའི་ལག་རྩལ་གྱི་ཁྱད་ཆོས་དུ་མས་ཕྱུག་པའི་མཁས་པ་ཞིག་ཏུ་གྱུར། རྡོ་བརྐོས་ཀྱི་འབྲུ་ཚུགས་རྣམས་ཡིད་དུ་འོང་ཞིང་མཛེས་ཆོས་དུ་མ་དང་ལྡན་པ།  གཟུགས་སྔགས་ཀྱི་ཡིག་འབྲུ་རྣམས་མ་འདོན་རང་སྒྲ་གྲགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན་པ།  མ་ཎི་དང་ས་ཏྭ་ཡིག་བརྒྱ་སིངྔྷི་སོགས་མདོར་ན་མདོ་སྔགས་རིག་གནས་རྒྱ་མཚོ་ལྟ་བུའི་ཆོས་ཚན་ཁག་མང་པོ་བཞེངས་དང་བཞེངས་བཞིན་པ་ལགས་པས་དེ་དག་ཀྱང་རིན་གོང་བདེ་ཞིང་ལག་རྩལ་གྱི་སྤུས་ཚད་མཐོ་བས་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དགའ་བསུ་ཐོབ་ཅིང་འདོད་བློ་བསྐངས་ཐུབ་པ་མ་ཟད།  ཕྱོགས་སོ་སོ་ནས་ཡོང་བའི་ལྟད་མོ་བ་རྣམས་ཀྱིས་ཀྱང་བསྟོད་སྔགས་ཚད་མེད་གནང་བཞིན་པ་དང་བཅས་པ་ལགས་སོ།།  

ཁོང་ནི་དེང་དུས་རྡོ་བརྐོས་ཀྱི་ལྷ་སྐུ་བཞེངས་པ་ཆེས་ཕུལ་དུ་བྱུང་བ་མ་ཟད་སོར་དོ་གསུམ་ཚད་ཀྱི་ལྷ་སྐུ་ཆུང་ཆུང་དེ་དག་ལ་སྒྲོས་དང་ཚུགས་གཉིས་ཀའི་སྒོ་ནས་མཛེས་རྩལ་ཕུན་སུམ་ཚོགས་ཤིང་།  ལྷག་པར་དུ་ཤ་ཚུག་གི་གབ་འབུར་ལ་ལག་རྩལ་ཚད་དུ་རྫོགས་པ་དང་སྐུ་ཚུགས་ཀྱི་ཐིག་རྩའི་དྲ་རྒྱ་ལས་མི་འདའ་བར་ཚད་དང་ལྡན་པ།  ན་བཟའི་གོས་རིས་ཕྱི་ནང་གི་ལྟེབ་ཆགས་ལྷུག་པོར་གྲོལ་བ།  ལོངས་སྐུ་རྣམས་ཀྱི་རྒྱན་ཆ་ཕུན་སུམ་ཚོགས་ཤིང་འགྱིང་བག་དང་སྒེག་ཆོས་དུ་མའི་ཉམས་དང་ལྡན་པ།  མཐོང་ན་མི་མཐུན་པ་མེད་ཅིང་ཡིད་དབང་གཅིག་ཆར་དུ་འཕྲོག་པའི་སྒྱུ་རྩལ་གྱི་ཉམས་རང་ཤུགས་སུ་འདོན་པ།  ཁྲོ་བོ་རྣམས་བརྗིས་ཉམས་ལྡན་ཞིང་ཤ་ཚུག་འཛིན་པ་དང་།  ཡན་ལག་གི་བྱིན་པ་དང་དཔུང་པ་རྣམས་ཤ་རྒོད་འཁྱིལ་བ་ལྟ་བུའི་རོ་ཉམས་དང་ལྡན་ཞིང་མེ་དཔུང་དྲག་ཏུ་མཆེད་པའི་དབུས་ན་མི་སྡུག་པའི་ཆས་ཀྱི་རྒྱན་ཅིང་བརྒྱན་ཞིང་འགྱིང་བའི་གར་སྟབས་སུ་བཞུགས་པ་སོགས་བཞེངས་ཡོད།  གཞན་ཡང་རྡོ་བརྐོས་ཀྱི་མཆོད་རྟེན་རིགས་མི་འདྲ་བ་དུ་མ་བཞེངས་པ་ལ་མཁས་ཤིང་། དཔེར་ན་སྲི་བཟློག་མཆོད་རྟེན་ལྟ་བུ་ལ་ཆ་མཚོན་ན།   མཆོད་རྟེན་གཅིག་པུ་མ་ཡིན་པར་དེའི་བང་རིམ་དང་ཁྲི་གདན་བུམ་པ་ཆོས་འཁོར་བཅུ་གསུམ་སོགས་ཀྱི་ངོས་སུ་རང་རང་གི་གཟུངས་སྔགས་ཀྱི་འཁོར་ལོ་དང་མདོ་སྔགས་ཀྱི་བརྗོད་བྱ་སོགས་གསུང་རབ་ཡིག་འབྲུ་དུ་མ་བསྐོས་ཡོད་ལ།  དེ་དག་གི་ས་སྟོང་དག་ཏུ་འདོན་ཡོན་རྣམ་ལྔ། བཀྲ་ཤིས་རྫས་རྟགས།  རྒྱལ་སྲིད་སྣ་བདུན་ནོར་བུ་ཆ་བདུན་བག་ཆེན་རི་མོ་སོགས་མདོར་ན་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པས་སྐོར་བར་བཞེངས་ཡོད་པ་མ་ཟད།  དེ་ཡང་མཚོན་བྱེད་ཙམ་དུ་མ་སོང་བར་རིག་གནས་མཛེས་ཆོས་དུ་མས་སྤུངས་པའི་སྒྱུ་རྩལ་གྱི་བྲོ་བ་དང་ལྡན་པར་བཞེངས་ཡོད།  དེ་དུས་འཕྲུལ་ཆས་ཀྱི་རྡོ་བརྐོས་དང་བསྡུར་ན་ཁོང་གིས་ལག་རྩལ་གྱི་ཁྱད་ཆོས་དང་སྤུས་ཚད་གནམ་ས་ལས་ཀྱང་མཐོ་བས་བོད་ཀྱི་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཡིན་ཞེས་བཤད་ན་ངོ་གནོང་ཞུ་མི་དགོས་པ་མ་ཟད།  རྡོ་བརྐོས་རིག་གནས་ཀྱི་རིག་པའི་བང་མཛོད་ལྟ་བུ་ཞིག་ཏུ་གྱུར་ཡོད།  །

‍‍‍‍


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1