མཚོ་སྔོན་རྫ་སྟོད་ནས་བོད་ལྗོངས་སྦྲ་ཆེན་བར་གཞུང་ལམ་ཤར་གཏོང་བྱས།

སྒྲིག་སྒྱུར། ལྷ་སྟག་མཚོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 01-08


སྤྱི་ཟླ་1ཚེས་5ཉིན། རྒྱལ་ལམ་345ཡི་མཚོ་སྔོན་རྫ་སྟོད་ནས་རྒྱལ་ལམ་317གྱི་བོད་ལྗོངས་སྦྲ་ཆེན་བར་འབྲེལ་མཐུད་བྱེད་པའི་ལམ་དུམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད།

གཞུང་ལམ་རྣམ་གྲངས་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་གནས་པ་དང་། 2023ལོའི་ཟླ་10པའི་ཟླ་མཇུག་ཏུ་ཞིབ་བཤེར་རྩིས་ལེན་བྱས་ཡོད། ལམ་ཐིག་དེ་ནི་མཚོ་སྔོན་རྫ་སྟོད་རྫོང་གི་གྲམ་དཀར་གྲོང་ཚོ་དང་རྟ་ངུ་གྲོང་ཚོ་བརྒྱུད་བོད་ལྗོངས་སྦྲ་ཆེན་རྫོང་གི་གཞུང་ལམ་དང་འབྲེལ་ཡོད་པ་རེད། མཚོ་བོད་གཞུང་ལམ་དང་བསྡུར་ན། ཟི་ལིང་ནས་ལྷ་ས་བར་གྱི་ལམ་ཐག་སྤྱི་ལེ་120ལྷག་ཙམ་ཐུང་དུ་ཕྱིན་ཡོད།

རྒྱལ་ལམ་345ནི་རྒྱལ་ཁབ་གཞུང་ལམ་དྲ་བའི་འཆར་འགོད་ཁྲོད་གསར་དུ་བསྣན་པའི་ཤར་ནུབ་ཕྱོགས་ཀྱི་ལྟེ་བའི་གཞུང་ལམ་ཞིག་ཡིན་ཞིང་། འགོ་འཛུགས་ས་ནི་ཅང་སུའུ་ཞིང་ཆེན་ཆི་ཏུང་གྲོང་ཁྱེར་ཡིན་པ་དང་། མཇུག་གནས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཡིན། ལམ་བར་དུ་ཅང་སུའུ་དང་ཨན་ཧུའེ། ཧོ་ནན། ཧྲའན་ཞི། ཀན་སུའུ། མཚོ་སྔོན། སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་8བརྒྱུད་ཅིང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་3000ལྷག་ཙམ་ཡོད། དེའི་ཁྲོད་ནས་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་ཁྱོན་སྤྱི་ལེ་1030ཙམ་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་དང་ལྷག་པར་དུ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱིས་ཀན་སུའུ་དང་སི་ཁྲོན། བོད་ལྗོངས་བཅས་དང་འབྲེལ་འདྲིས་བྱེད་པའི་འགྲིམ་འགྲུལ་ལམ་ཐིག་གཙོ་བོ་ཞིག་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1