ཤང་གྲོང་དར་རྒྱས་ཀྱི་རྣམ་པ་གསར་པར་གཟིགས་དང་།

ཡིག་སྒྱུར། མཚམས་གཅོད། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 01-09


ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་ལོ་གསར་གྱི་ཤིས་ཚིག་ནང་། འབྲུ་རིགས་ཐོན་སྐྱེད་ལོ་ཉི་ཤུར་བསྟུད་མར་ལོ་ལེགས་བྱུང་ནས། གྲོང་གསེབ་དར་རྒྱས་ལ་རྣམ་པ་གསར་པ་མངོན་ཡོད་ཅེས་བསྟན་གནང་ཡོད། ལོ་གསར་པ་ཤར་མ་ཐག རེ་བས་ཁེངས་པའི་ཞིང་ནང་དུ་ཞིང་པ་དུང་ཕྱུར་ཁ་ཤས་ཀྱིས་ལོ་གསར་པའི་རྨོ་འདེབས་བྱེད་འགོ་ཚུགས་ཤིང་། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་མགྱོགས་སུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་བཞིན་ཡོད།

གྲང་ངར་ཆེ་བའི་དགུན་དུས་སུ་གངས་འཁྱགས་ཀྱིས་གཡོགས་པའི་བྱང་ཤར་གྱི་གྲོང་ཚོའི་ནང་སྔར་བཞིན་དྲོ་སོབ་སོབ་ཀྱི་རྣམ་པས་ཁེངས་ཡོད། ཧེ་ལུང་ཅང་ཞིང་ཆེན་ཝུའུ་ཁྲང་གྲོང་ཁྱེར་དར་རྒྱས་གྲོང་ཚོར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཡུས་ཏེན་ཧུང་གིས་ཆེད་མངགས་དྲ་ཐོག་ཚོང་དོན་སྟེགས་བུའི་ཐད་གཏོང་ཚོགས་པ་གདན་དྲངས་ཏེ་གྲོང་ཚོའི་མཉམ་ལས་ཁང་གི་ཝུའུ་ཁྲང་ཆུ་འབྲས་བྲིན་ཚོང་གི་ཆེད་དོན་བྱེད་སྒོ་སྤེལ་འགོ་ཚུགས་ཡོད།

ཝུའུ་ཁྲང་ཆུ་འབྲས་ཐོན་ཁུལ་གཙོ་བོར་གནས་པའི་དར་རྒྱས་གྲོང་ཚོར་ན་ནིང་ཟླ་8པའི་ཚེས་ཤར་ལ་ལོ་མང་རིང་འཕྲད་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཕོག་མོད། འོན་ཀྱང་ཚང་མས་སེམས་ནུས་གཅིག་སྒྲིལ་བྱས་པས། གནོད་འཚེའི་གྱོང་གུན་ཆུང་ཤོས་སུ་བཏང་ཐུབ་ཡོད། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་ཅིང་། ཝུའུ་ཁྲང་ཆུ་འབྲས་ཕྱིར་ཚོང་བྱེད་མང་ཤོས་ཀྱི་དུས་ཚིགས་སླེབས་གྲབས་ཡོད་པས། གྲོང་མི་ཚོས་ལས་དུས་འཕར་མ་བྱས་ནས་ལོ་ཟོག་གི་མངགས་ཐོ་གྲ་སྒྲིག་བྱེད་བཞིན་ཡོད།

2023ལོར། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད་མ་གཞི་མཐོང་དཀོན་པའི་རང་བྱུང་གནོད་འཚེ་འཕྲད་མོད། འོན་ཀྱང་སྔར་བཞིན་ལོ་ཉི་ཤུར་བསྟུད་མར་ལོ་ལེགས་བྱུང་ནས། འབྲུ་རིགས་ཐོན་འབོར་གྱིས་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། ལས་སླ་པོར་ཐོབ་པ་ཞིག་མིན་པའི་ལོ་ལེགས་བྱུང་བའི་རྒྱབ་ཕྱོགས་སུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་འབོར་དུང་ཕྱུར་བཅུ་གྲངས་ཁ་ཤས་ཀྱི་ཟ་མ་ཟ་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་དོན་ཆེན་ཨང་དང་པོར་བརྩིས་གནང་བས་རེད།

འདས་ཟིན་པའི་ལོ་གཅིག་ནང་། ཚོགས་འདུ་གལ་ཆེན་ཚོགས་པའམ་ཡང་ན་གཞི་རིམ་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་གང་ཡིན་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཧོ་པེ་ཚང་ཀྲོའུ་རུ། ཁོང་གིས་བ་ཚྭའི་ས་གསར་སྤེལ་བེད་སྤྱོད་དང་བ་ཚྭ་བཟོད་པའི་སྣ་རིགས་ཁྱབ་གདལ་གཏོང་བར་རྟོག་ཞིབ་གནང་ཡོད། ནང་སོག་པ་ཡན་ནོའར་དུ། ཁོང་གིས་ས་རྒྱུ་དང་ས་བོན་ལ་གཟིགས་ཞིབ་གནང་ཞིང་། ཚན་རིག་དང་མཐུན་པའི་ངང་ཞིང་ཆུ་འདྲེན་རྒྱུར་དོ་ཁུར་གནང་ཡོད། ན་ནིང་ལོ་མཇུག་ཏུ་འཚོགས་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱ་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་འཕར་ཡོང་རྒྱུ་གཉིས་ཀར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབད་འཐབ་གསར་པ་བྱེད།

མིག་སྔར། ས་གནས་ཁག་གིས་དགུན་དུས་ཞིང་དལ་ཨར་སྐྲུན་གྱི་དུས་ཚོད་ཡག་ཤོས་དེར་དམ་འཛིན་བྱས་ནས་ཚ་ཚ་འུར་འུར་ངང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་བཞིན་ཡོད། ཅང་ཞི་རུ་ཁྱོན་མ་དངུལ་སྒོར་དུང་ཕྱུར་80ལྷག་ཙམ་བཏང་བའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱས་པ་དེས་ཞིང་ཆེན་དེ་ཡོངས་ཀྱི་རྫོང་དང་ཆུས་93གྱི་ས་ཞིང་3000ལྷག་ཙམ་ལེགས་སུ་དང་སྒྱུར་བཀོད་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

ད་ལོ་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ས་ཞིང་གསར་འཛུགས་དང་སྒྱུར་བཀོད་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་ནས། མ་རྨོས་ལོ་ཏོག་རྒྱ་ཁྱོན་ཆེན་པོས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་སྒྲིག་ཁོངས་ཚང་བའི་སྐུལ་འདེད་རྫོང་100དང་། གྲོ་རྒྱ་ཁྱོན་ཆེན་པོས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་སྒྲིག་ཁོངས་ཚང་བའི་སྐུལ་འདེད་རྫོང་100 པད་ཁ་རྒྱ་ཁྱོན་ཆེན་པོས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་སྒྲིག་ཁོངས་ཚང་བའི་སྐུལ་འདེད་རྫོང་102བཅས་མང་དུ་གཏོང་རྒྱུ་དང་། སྲན་ཆེན་གྱི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་ལས་གཞི་དང་གཞི་ཁྱོན་ལྡན་པའི་གཙོ་གཟུགས་ཀྱི་ཐོན་འཕར་བྱ་སྤྱོད་སྤེལ་རྒྱུ་རེད།

ད་ལོ་རང་རྒྱལ་གྱིས་ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ས་བོན་ལས་རིགས་ཀྱི་ཚན་རྩལ་རང་ཚུགས་དང་རང་སྟོབས་རྒྱས་པ་བྱ་རྒྱུ་དང་ས་བོན་འབྱུང་ཁུངས་རང་བརྟེན་ཚོད་འཛིན་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། ཧུའུ་ནན་ཁྲེན་ཀྲོའུ་རུ་གནས་པའི་ཞིང་འཕྲུལ་ཁེ་ལས་དེས་དེ་སྔ་གཙོ་བོ་ལྷོ་ཕྱོགས་རི་མ་ཐང་ས་ཁུལ་དུ་སྤྱོད་པའི་སྒུལ་ནུས་ཆུང་བའི་ལྕགས་ཐག་ཅན་གྱི་འདྲུད་འཐེན་འཁོར་ལོ་འཚོང་གི་ཡོད། ད་ཆ་ནི་ཁོང་ཚོས་བཏོན་པའི་སྒུལ་ནུས་160དང་སྒུལ་ནུས་180ལྡན་པའི་ལྕགས་ཐག་ཅན་གྱི་འདྲུད་འཐེན་འཁོར་ལོ་ཆེ་བས་རྒྱལ་ནང་གི་ཁྲོམ་རའི་སྟོང་ཆ་བསྐངས་པ་དང་། ལོ་གསར་པ་ཤར་རྗེས་འཚོང་བའི་ཐོན་རྫས་དེ་དག་བྲིན་ཁ་རྒྱུག་པོ་བྱུང་ཡོད།

ད་ཆ། ཀྲུང་གོའི་གྲོང་གསེབ་ཁུལ་དུ་གཞོན་ནུའི་སྟོབས་ཤུགས་དེ་བས་མང་བ་འདུས་ཡོད། ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་བྱེད་མཁན་གཞོན་ནུ་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་ཙམ་གྱིས་ཞིང་ནང་དང་རི་ཀླུང་ལ་བརྟེན་ནས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་བཞིན་ཡོད་པ་དང་། ཁོང་ཚོ་འཚར་ལོངས་ཡོང་བཞིན་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1