༄༅།།ཁ་འབབ་རྣམ་བཞིའི་འགོ་ཁུངས་ཀྱི་འབྲོག་སྡེ་བསྐྱར་ཞིབ། འགྲུལ་བཞུད་ཀྱི་ཉིན་ཐོ་དངོས།

དགྲ་ཟོར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ནས་སྤེལ། སྤེལ་དུས། 01-12


འདི་ནི་ང་རང་མངའ་རིས་ལ་འགྲོ་ཐེངས་གསུམ་པ་ཡིན། འགྲུལ་བཞུད་འདི་ཡང་བསྐྱར་ལོ་འདིའི་ལོ་མཇུག་ལ་འགོ་བརྩམས། རྒྱུ་མཚན་སྔར་གྱི་འབྲོག་སྡེ་དག་གི་ཟིན་བྲིས་སུ་ཞིབ་ཆ་མ་ཐོན་ས་དང་། མཉམ་འཇོག་མ་བྱས་ས། འགྲོ་མ་ཐུབ་པའི་ས་ཆ་སོགས་མང་ཙམ་འདུག་པས་ལོ་མཇུག་གི་གོ་སྐབས་འདི་སྤྱད་ནས་ཡང་བསྐྱར་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་འགོ་ཁུངས་ཀྱི་འབྲོག་སྡེ་ཁག་ལ་ཐེངས་གཅིག་འགྲོ་བར་སེམས་ཐག་བཅད། ལོ་འགོའི་ཟིན་ཐོ་དག་ལ་ཡང་བསྐྱར་ཞུ་དག་ཐེངས་གཅིག་བྱས་རྗེས། གནད་ཆེ་ས་དག་འབྲི་དེབ་གཞན་དུ་བྲིས་ཤིང་རྟགས་བརྒྱབ་ཏེ་ཟིན་བྲིས་མ་ཕྱི་གཅིག་ཁྱིམ་དུ་བཞག་རྗེས་བསྐྱར་སྤར་གཅིག་བཅས་རྒྱབ་ཁུག་ཏུ་བཅུག །ཕ་ཡུལ་ནས་ཚུར་ཡོང་སྐབས་མགོ་ལོག་པདྨ་དང་དར་ལག །གཅིག་སྒྲིལ་གྱི་གཉན་པོ་གཡུ་རྩེའི་རྫ་འདབས་རག་ཁའི་ལུང་པ་ནས། ནོར་གནག་ཞིབ་འཇུག་པ་རྒན་བློ་གྲོས་རྣམ་རྒྱལ་ལགས་ཀྱི་མགོ་ལོག་ཁུལ་ནོར་གནག་མཐུན་ཚོགས་ཀྱི་རྟེན་གཞིའི་དཔེ་མཛོད་ཁང་ནས་ཉིན་བདུན་ཙམ་ལ་ནོར་གནག་དང་འབྲེལ་ཡོད་ཀྱི་ཡིག་ཆ་སྣ་ཚོགས་བཀླགས་ནས་བསྡད་པ་སོགས་དང་། རྨ་ཆུ་དང་མཛོད་དགེ་སོགས་ཀྱི་འབྲོག་སྡེ་རེ་འགའ་ལ་ཡང་ཉུལ་ཙམ་བྱས། དེ་ནས་ཟླ་གཅིག་གི་རིང་ལ་ཟས་ཁང་ཞབས་ཞུ་དང་མཐའ་འཁོར་གྱི་བླ་བྲང་ལྷ་སྡེ་ཤོག་པ་བཞི། གནམ་ལྷའི་ཁྱ་རྟ་བརྒྱད། རྒན་གྱའི་ཚོ་པ་དྲུག །ཧོར་གཙང་ཤོག་པ་བཞི། ཙ་ཡུས་སྟོད་སྨད། གཙོས་ཚོ་པ་ཉེར་གཅིག །མཛོད་དགེ་ཤོག་པ་ལྔ། རྔོག་ཚོ་པ་ལྔ། འབོ་ར་ཚོ་བཞི། ཨ་མཆོག་ཚོ་པ་བརྒྱད། ཀླུ་ཤོད་ཚོ་བརྒྱད། རྨེད་ཤིས་ཚོ་བརྒྱད། སྒྱིས་ཚང་ཚོ་གཉིས། ཁོ་ཚེ་ཚོ་གསུམ། བསང་ཚོ་རྩིས་བདུན་སོགས་མདོ་སྨད་ལོ་རྒྱུས་ཆེན་མོར་བཤད་པ་དག་གི་ཁ་ཕྱོགས་ཀྱང་ཕྲན་ཙམ་རྙེད། དེ་ནས་རྩེ་ཁོག་གི་གྲོགས་པོ་ཀརྨ་རྡོ་རྗེ་ལགས་ཀྱི་རྒྱབ་སྐྱོར་འོག་རྩེ་ཁོག་དང་མཚོ་ལྷོའི་འབྲོག་སྡེ་ཁག་ལ་ཡང་ཤར་ཙམ་སོང་། དེ་ནས་ཤར་རྒྱག་གིས་ལྷ་སར་ཡོང་ཞིང་ལོ་སྟོད་ཀྱི་ལམ་ཐིག་བརྒྱུད་གངས་རིའི་ཤར་རྒྱུད་ནས་ནུབ་རྒྱུད་དེད་དེ་མཚོ་ཆེན་དང་དགེ་རྒྱས་ཀྱི་འབྲོག་སྡེར་འབྱོར། 2021ལོའི་ལོ་སྨད་ལ་འབྲོག་སྡེ་འདིར་ཡོང་ནས་ཉིན་འགའ་ལ་བསྡད་པ་དྲན། 《འབྲོང་རྭ་བཙལ་བའི་ཟིན་བྲིས》ཀྱང་དེ་དུས་བྲིས། 

འདི་ནི་སེང་གེ་ཁ་འབབ་ཀྱི་ཆུ་མགོ་སེང་ཆེན་འགྱིང་བའི་རི་བོ་རེད། གངས་ཏི་སེའི་བྱང་རྒྱབ་འབྲི་ར་ཕུག་དགོན་པའི་རྒྱབ་ཕྱོགས་འདི་འབྲོང་པ་སེང་སྟོད་རུ་བའི་དགུན་སར་ཁེལ་འདུག །ལམ་ཧ་ཅང་བདེ་པོ་མི་འདུག་ལ། འགྲོ་འདུག་གི་རྒྱུ་འགྲུལ་ཡང་ཧ་ཅང་དཀོན་པས་ངས་ལོ་གཉིས་ཀྱི་སྔོན་ང་རང་ས་ཆ་འདིར་ཡོང་དུས་ཀྱི་ས་ཆ་འདིའི་གྲོགས་པོ་ཞིག་ལ་གླ་ཆ་སྤྲད་དེ་ཁོས་རླངས་འཁོར་བསྐོར་ནས་སོང་བ་དང་། གཞན་སེང་སྟོད་འབྲོག་སྡེ་རང་གི་རྒན་སྒར་པ་གངས་རྣམ་ལགས་ལ་ཡང་གླ་སྤྲད་དེ་ཆེད་དུ་གནས་འདིའི་རི་ཆུ་ངོ་སྤྲོད་དུ་གདན་འདྲེན་ཞུས་པ་ཡིན། 

སེང་གེ་ཁ་འབབ་ནི་གངས་ཏི་སེའི་བྱང་རྒྱབ་འབྲོང་པ་སེང་སྟོད་རུ་བའི་འབྲོག་སྡེ་ནས་འབྲོང་པ་སེང་སྨད། འབྲི་བྱི། གཞུང་པ་མ་ཟན་འབྲོག་སྡེའི་ནུབ་རྒྱུད། གཙོ་ཚོ་དང་རྒྱ་སྨུག།།གླང་བཅུ། ར་ལ་མཁར་དམར། བཀྲ་ཤིས་སྒང་། ལ་དྭགས་བརྒྱུད་སྦལ་ཏིའི་ཡུལ་དང་ཁ་ཆེའམ་ཀ་སྨིར་བརྒྱུད་པ་ཀི་སི་ཐན་གྱི་ཤར་ངོས་ནས་ཧིན་དྷུའི་བྱེ་ཐང་ཆེན་མོའི་ནུབ་ངོས་བརྒྱུད་ཨ་རབ་རྒྱ་མཚོར་འབབ་བོ། །མངའ་རིས་དམངས་གླུའི་ཚིག་ཏུ། སེང་གེ་ཁ་འབབ་ལ་དྭགས་ཡུལ་ལ་འབབ། །ལ་དྭགས་དཔའ་རྩལ་ཆེ་བ་དེ་དོན་ཡིན། །ཞེས་སོ། །སེང་གེ་དང་གླང་ཆེན་ཁ་འབབ་གཙང་པོའི་རྒྱུད་དུ་ཀ་ཤི་རྨིར་དང་པ་ཅི་སི་ཐན། རྒྱ་གར་ཏ་ཟིག་གི་རྒྱུད་དུ་རྩ་མདའི་གཏི་ཡག་གི་སྒྲ་སྙན་ཕྱག་རྒྱུན་ལས་གྱེས་པའི་ལ་དྭགས་ཀྱི་ཕྱག་རྒྱུན་དང་རོལ་ཆ་ཡང་མང་དུ་དར་ཡོད། དེ་བཞིན་དུ་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ཡི་བཞུར་རྒྱུན་ལ་སྲིད་པའི་གཉའ་རབས་ཀྱི་གཞུང་གླུ་བཞི་དར་བ་ལས་སེང་གེ་ཁ་འབབ་བཞུར་རྒྱུན་དུ་ལ་དྭགས་ཀྱི་ཁ་སྐྱ་རུ་རིང་གི་གཞུང་གླུ་དར་ཡོད།

གླང་ཆེན་ཁ་འབབ་ཀྱི་ཆུ་འགོ་ནི་གངས་ཏི་སེ་དང་མཚོ་མ་ཕམ་གྱི་ནུབ་ཕྱོགས་རི་གླང་ཆེན་འགྱིང་འདྲའི་ཁ་ནས་བབས་ཏེ་པྲེ་ཏ་པུ་རི། ཁྱུང་ལུང་དངུལ་མཁར་ཏེ་མཁར་གདོང་། མ་ནང་། མཐོ་ལྡིང་དགོན་པ། གུ་གེའི་མཁར་འདབས་ནས་ལོ་ཙཱ་བ་རིན་ཆེན་བཟང་པོའི་ཡུམ་གྱི་ཕ་ཡུལ་གཏི་ཡག་བརྒྱུད་དེ་ཁུ་ནུའི་ཕྱོགས་སུ་བབས། ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ཡི་བཞུར་རྒྱུན་ལ་སྲིད་པའི་གཉའ་རབས་ཀྱི་གཞུང་གླུ་བཞི་དར་བ་ལས་གླང་ཆེན་ཁ་འབབ་ཀྱི་བཞུར་རྒྱུན་ལ་གུ་གེའི་ཝ་མའི་ཁྱུང་ཆེན་གྱི་གཞུང་གླུ་དར་ཡོད། 

ཉིན་དེའི་ཉིན་ཐོ།

དེ་རིང་ནི་དམ་བཅའ་ཞིག་མངོན་དུ་གྱུར་བའི་ཉིན་མོ་ཡིན། 2021ལོའི་ཟླ་དགུ་པར་ང་རང་ཆེད་དུ་མངའ་རིས་སྒྲ་སྙན་དཀྲོལ་རྩལ་ལ་རྒྱུས་ལོན་བྱ་ཆེད་ལྷ་ས་ནས་ལམ་ལ་བུད། སྤུ་ཧྲེང་དང་རྩ་མདའི་གུ་གེའི་མཁར་འདབས་ཁ་ཙེ་སྤུ་གླིང་གི་སྡེ་པ་ནས་ཟླ་ཕྱེད་ཙམ་ལ་བསྡད། སྐབས་དེར་གཏི་ཡག་གི་མེས་དབང་ཕྱུག་ལགས་ཀྱི་མཚན་སྙན་ཐོས། ཆེད་དུ་ཁོང་ལ་མཇལ་འདོད་ཀྱིས་གླང་ཆེན་གཙང་པོའི་གཞུང་རྒྱུད་དུ་ཡོད་པའི་ལུག་གི་རྒྱུ་མ་ལྟ་བུའི་ལམ་དེ་དེད་ནས་ཡོང་མཚམས་ལམ་ཆད་པའི་གནས་ཚུལ་བྱུང་བས་ཕྱིར་རྩ་མདའ་ལ་མི་འགྲོ་ཐབས་མེད་ཆགས། ཕྱི་ཉིན་བྱང་རྩེ་ལ་འགྲོ་བའི་རླངས་འཁོར་ཞིག་བཙལ་ནས་སོང་ཞིང་དེ་ནས་ཉིན་ཕྱེད་ཙམ་ལ་རྐང་ཐང་དུ་སོང་རྗེས་གཏི་ཡག་ལ་རྩྭ་འདྲུད་པའི་རླངས་འཁོར་ཞིག་རྙེད་ཅིང་དེར་བསྡད་དེ་ལ་ཆེན་བདུན་དང་ཐང་དྲུག་བརྒལ་རྗེས་ཀྱི་མཚན་མོའི་དུས་ཚོད་བཅུ་ཕྱེད་ཙམ་ལ་གཏི་ཡག་ཡུལ་ཁོངས་ཀྱི་མ་གཡང་གི་བརྟག་དཔྱད་ས་ཚིགས་སུ་འབྱོར། ཁོང་ཚོས་ང་མངའ་རིས་ཀྱི་གོག་པོ(སྒྲ་སྙན)སློབ་ཏུ་ཡོང་བར་ཡིད་མ་ཆེས་པར་རླངས་འཁོར་ཁ་ལོ་པ་དེ་སྔོན་ལ་འགྲོ་རུ་བཅུག །ང་བཀག་ནས་མཚན་ཕྱེད་ཙམ་ལ་བསྡད། ངས་སྐད་ཆ་བདེན་པ་གང་བཤད་ཀྱང་ཁོང་ཚོའི་ཡིད་ཆེས་མ་ཐོབ། ཕྱི་ཉིན་ངེས་པར་དུ་ཕྱིར་འགྲོ་དགོས་ཟེར། ཕྱི་ཉིན་ཡང་རྩྭ་འདྲུད་པའི་རླངས་འཁོར་གཞན་ཞིག་གི་ནང་བརྫངས་ཏེ་ཕྱིར་བསྐྱལ་སོང་། སྐབས་དེར་ངས་ཁོང་ཚོའི་ངོར་བལྟས་ནས་ལོ་གསུམ་གྱི་ནང་ང་ཁྱོད་ཚོའི་མིག་ལམ་ནས་ཡིན་ལུགས་ཚུལ་ལྡན་དང་བཅས་ཏེ་གཅིག་འགྲོ་མ་ཐུབ་ན་ཞེས་མནའ་བསྐྱལ་ཏེ་ཁ་ཕྱིར་འཁོར་བ་ཡིན། དེ་ནས་བརྩིས་པའི་ན་ནིང་2022ལོའི་ལོ་མཇུག་ལ་ངས་རང་གི་དངོས་པོ་དག་ལས་བཙོང་ན་རིན་དུ་འགྲོ་བ་ཐམས་ཅད་བཙོང་ནས་གསེར་རྟའི་འབྲོག་སྡེ་ཁག་ནས་འགོ་བརྩམས་ཏེ་དཀར་མཛེས་དང་དཔལ་ཡུལ། སྡེ་དགེ། རྫ་ཆུ་ཁ། ཁམས་སྟོད་འབྲོང་པ་ཤོག་ལྔ། ཟུར་མང་རྒྱ་ཤོག་ཕྱེད་དྲུག །མདོ་སྟོད་དགེ་འབྲོང་གཉིས་སོགས་དང་ནག་ཆུའི་ཤར་རྒྱུད་ཀྱི་ཧོར་ཚོ་སོ་དགུ་དང་། རེ་དཀར་སོག་གསུམ། རྒྱ་སྟོན་ལྡིང་དགུ། ནག་ཆུའི་ནུབ་རྒྱུད་ཀྱི་ཚོ་ཤོག་ནག་ཚང་ཚོ་དྲུག་དང་གཡག་པ་ཕྲུ་མ་དྲུག་ཅུ། ཁམས་རྡོལ་སྒེར་གསུམ། གཤེན་སྒེར། གནམ་རུ་སོགས། དེ་ནས་གངས་ཏི་སེའི་ཤར་རྒྱུད་ཀྱི་འབྲོག་སྡེ་ཁག་ནས་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་འབྲོག་སྡེ་མཐའ་དག་ལ་ཟླ་བ་ལྔ་དང་ཉི་མ་བཅུ་བདུན་གྱི་དུས་ཚོད་བཀོལ་ནས་ཐེངས་གཅིག་ཉུལ་ནས་གུ་གེར་འབྱོར་ཞིང་སྐབས་དེར་ཡང་བསྐྱར་ཐབས་ཤེས་སྣ་ཚོགས་བཀོལ་ནས་གཏི་ཡག་ལ་མེས་དབང་ཕྱུག་ལགས་ལ་ཐེངས་གཅིག་མཇལ་རེ་ཞུས་ན་ཡང་དེ་ལྟར་འགྲུབ་མ་ཐུབ། དེ་ནས་2023ལོའི་ཟླ་བཅུ་པར་ཡང་བསྐྱར་ཁ་འབབ་ཆུ་བཞིའི་འགོ་ཁུངས་ཀྱི་འབྲོག་སྡེ་བསྐྱར་ཞིབ་ཏུ་ཡོང་བའི་ད་ཐེངས། དངོས་སུ་གླང་ཆེན་ཁ་འབབ་ཀྱི་སྨད་རྒྱུད་ལོ་ཙཱ་བ་རིན་ཆེན་བཟང་པོའི་ཕ་ཡུལ་འདིར་མེས་དབང་ཕྱུག་ལགས་དང་མཇལ་བའི་སྐལ་བཟང་བྱུང་སོང་། གལ་ཏེ་མྱི་ཨུ་ཚུགས་ཅན་ལ་ཡོན་ཏན་རྡོག་མ་གཅིག་ཡོད་ཆོག་ན་འདི་ནི་ཨུ་ཚུགས་ཅན་གྱི་ཡོན་ཏན་རྡོག་མ་གཅིག་པོ་དེ་ཡིན་ནམ་བསམ་བྱུང་།

ལྷོ་རྨ་བྱ་མཛེས་བརྗིད་ཀྱི་རི་བོ་རྨ་བྱ་ཁ་འབབ་ཀྱི་ཆུ་འགོ། 

རྨ་བྱ་ཁ་འབབ་ཀྱི་ཆུ་འགོ་ལ་འགྲོ་མཁན་ཡང་ཧ་ཅང་དཀོན་པོ་རེད། ལམ་ནི་རྐང་ལམ་ཙམ་ལས་མི་འདུག་ང་རང་སྟབས་ལེགས་ཏེ་ཡུལ་འདིའི་མི་ཚང་ཞིག་ལ་གནས་ཚང་གཡར་བར་གནས་ཚང་དེའི་ཁྱིམ་བདག་གིས་ནམ་མཁའ་ཁྱུང་རྫོང་གི་ཁང་པ་ཞིག་གསོ་ལ་འགྲོ་བའི་ཡུལ་མི་འགའི་རླངས་འཁོར་དང་སྟབས་ཁེལ་འདུག་གསུངས་པས། རླངས་འཁོར་དེའི་རྒྱབ་གཞུང་ནང་འདུག་ཐུབ་སོང་། འབྲོག་ས་རང་སྟེ་ཆུ་གཞུང་རྐྱང་པ་ཕར་བརྒལ་ཚུར་བརྒལ་བྱས་ནས་འགྲོ་བ་ལས་ལམ་འདི་རེད་བསམ་རྒྱུག་ཞིག་མཐོང་དུ་མེད། ང་ཚོས་རྨ་བྱའི་ཆུ་འགོ་ལ་མཇལ་རྗེས་མུ་མཐུད་དུ་ནམ་མཁའ་ཁྱུང་རྫོང་གི་ཕྱོགས་སུ་སོང་། ལུང་པའི་མདའ་ནས་ཁ་ལག་མཆོད་རྗེས་རྐང་ཐང་ལ་སྒྲུབ་ཁང་ཞིག་གསོའི་བཅའ་ལག་རྣམས་བགོ་བཤའ་བརྒྱབ་ནས་ཁུར་ཏེ་ལུང་པའི་སྟོད་ཀྱི་ནམ་མཁའ་ཁྱུང་རྫོང་ལ་རྐང་ཐང་དུ་དུས་ཚོད་གཅིག་ཙམ་ལ་འགྲོ་དགོས་འདུག །འདི་རུ་སྦག་སྦག་གི་ལམ་ཕྲ་མོ་ཙམ་ལས་ལམ་མི་འདུག །ཁོང་ཚོས་ཉིན་གང་པོར་ནམ་མཁའ་ཁྱུང་རྫོང་གི་སྒྲུང་ཁང་རྙིང་པ་དེ་བརྩིགས། ང་ནི་རི་བྲག་ཐམས་ཅད་ཀྱང་གཡུང་དྲུང་སྤུངས་པ་ལྟ་བུ་ཞེས་གངས་ཏི་སེའི་དཀར་ཆག་ཏུ་གསུངས་པའི་གནས་འདིའི་རྡོ་རྒྱུད་ལ་ལྟ་རུ་སོང་། རྨ་བྱ་ཁ་འབབ་འདི་ནས་དཀར་དུང་གནའ་ཤུལ་བརྒྱུད་སྤུ་རང་སྟག་ལ་རྫོང་གཤམ་ནས་སྤུ་རང་ཚོ་དྲུག་དང་འཁོར་ཆགས། སླེ་མི། འོམ་གློ་བརྒྱུད་བལ་ཡུལ་ནས་རྒྱ་གར་དང་མཐར་ཞི་བདེ་རྒྱ་མཚོར་འབབ་ཟེར། རྨ་བྱ་ཁ་འབབ་སྤུ་ཧྲེང་ཡུལ་ལ་འབབ། །སྤུར་མོ་སྐྱེ་འབྲས་མཚར་བ་དེ་དོན་ཡིན། །ཞེས་དམངས་གླུའི་ཚིག་ཏུ་འདུག །རྨ་བྱ་ཁ་འབབ་ཀྱི་བཞུར་རྒྱུན་དང་འགྲོགས་ནས་བལ་ཡུལ་རྒྱུད་དུ་མངའ་རིས་རྩ་མདའི་བར་ཀྱོག་གི་སྒྲ་སྙན་དཀྲོལ་རྩལ་དར་བ་ནས་རིམ་འགྱུར་བྱུང་སྟེ་བོད་ཡུལ་དོལ་པོའི་སྒྲ་སྙན་ཕྱག་རྒྱུན་བྱུང་། དེ་བཞིན་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་རྒྱུད་དུ་སྲིད་པའི་གཉའ་རབས་ཀྱི་གླུ་གཞུང་བཞི་དར་བ་ལས་རྨ་བྱ་ཁ་འབབ་ཀྱི་བཞུར་རྒྱུན་ལ་སྤུ་རང་གི་གཡུ་སྒོང་བར་ཆེན་གྱི་གཞུང་བཅས་དར་རོ། །

ཤར་རི་ཅང་ཤེས་རྟ་ཡི་དབྱིབས་ཅན་གྱི་ཁ་ནས་འབབ་པའི་རྟ་མཆོག་ཁ་འབབ། གངས་ཏི་སེ་དང་མཚོ་མ་ཕམ་གྱི་ལྷོ་ཤར། གཙང་བྱེ་མ་གཡུང་དྲུང་གི་ཕུ་ཨབ་སྲིའི་རྒྱབ་ནས་འབབ། གྲོ་ཤོད་གཞུང་ཞང་ཞུང་དུམ་པ་ཚལ། འབྲོང་པ་ཚོ་དགུའི་ལྷོ་ཕྱོགས། རུ་གསར། འབའ་བ། བཀྲ་དུན། གཞུང་རུ། ས་ག །ཟང་ཟང་ལྷོ་བརྒྱུད་དེ་གཙང་གི་བཀྲ་ཤིས་ལྷུན་པོའི་གཡས་ནས་འབབ། གངས་ཏི་སེའི་ཤར་ཕྱོགས་ཀྱི་རི་ཅང་ཤེས་རྟ་ཡི་དབྱིབས་ཅན་གྱི་ཁ་ནས་འབབ་པའི་ཆུ་མིག་དེ། མངའ་རིས་བརྒྱུད་ནས་འབབ་དུས་རྟ་མཆོག་ཁ་འབབ་ཏུ་འབོད་ལ། རྒྱལ་རྩེ་ནས་ཉང་ཆུ་དང་འདྲེས་ཤིང་གཞིས་ཀ་རྩེ་ནས་བཞུར་དུས་གཡོ་རུ་གཙང་པོར་འབོད། ཆུ་ཤུར་ནས་ལྷ་སའི་སྐྱིད་ཆུ་དང་འདྲེས་ཏེ་ཡར་ཀླུང་བརྒྱུད་ནས་འབབ་དུས་ཡར་ཀླུང་གཙང་པོར་འབོད་ཅིང་། དབུས་པ་རྣམས་ཀྱིས་ཡར་ཆབ་གཙང་པོར་འབོད། དེ་ནས་ཀོང་ཉག་དྭགས་གསུམ་གྱི་ཡུལ་བརྒྱུད་ནས་རི་བོ་གནམ་ལྕགས་འབར་བ་ལ་རྟའི་རྨིག་པ་ལྟ་བུའི་སྐོར་བ་ཞིག་བརྒྱབ་རྗེས་རྒྱ་གར་ཤར་ཕྱོགས་སུ་འབབ། ཆུ་བོ་འདིའི་རྒྱུད་དུ་རྩ་མདའི་བར་ཀྱོག་སྒྲ་སྙན་དཀྲོལ་གཏོང་དར་བ་ལས་ལ་སྟོད་དིང་རི་ལྷོ་མའི་སྒྲ་སྙན་དཀྲོལ་གཏོང་ཕྱག་རྒྱུན་བྱུང་བ་དང་། བལ་ཡུལ་གྱི་ཤར་པའི་སྒྲ་སྙན་དཀྲོལ་ཕྱག་རྒྱུན་དང་ལྷ་རྩེ། དེ་ལས་རིམ་བཞིན་རྒྱལ་རྩེ། ལྷ་ས། འབྲུག་པ་བཅས་ཀྱི་སྒྲ་སྙན་དཀྲོལ་གཏོང་གི་ཕྱག་རྒྱུན་དར། ཧོར་པ་སྨད་མས་འབྲོག་པ་རྣམས་དགུན་ས་ལ་སྤོས་འདུག་པས་ང་རང་ཅུང་མིན་ན་ས་སྟོང་ནས་མཚན་གང་པོར་ལྷག་སོང་། མཐར་ལམ་ལས་མཁན་གྱི་རླངས་འཁོར་ཞིག་ཐོན་སོང་བས་ནམ་སྨད་ཙམ་ལ་ཕྱིར་གུང་རྒྱུད་མཚོའི་འགྲམ་གྱི་འབྲོག་ཁྱིམ་ཞིག་ལ་བསྐྱལ་སོང་། བསྟུད་མར་ཉིན་གཉིས་ལ་བསྒུག་ཀྱང་རྟ་མཆོག་ཁ་འབབ་ཀྱི་ཆུ་འགོ་ལ་འགྲོ་མཁན་ཞིག་རྙེད་མ་སོང་། གླ་ཆ་ཉུང་ཉུང་རེ་སྤྲད་ཀྱང་འགྲོ་མཁན་མ་བྱུང་བས་ཐེངས་རྗེས་མར་འགྲོ་བའི་དམ་བཅའ་དང་བཅས་ཕྱིར་ལོག་གོ །ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ཡི་བཞུར་རྒྱུན་ལ་སྲིད་པའི་གཉའ་རབས་ཀྱི་གཞུང་གླུ་བཞི་དར་སྟེ། རྟ་མཆོག་ཁ་འབབ་ཀྱི་གཞུར་རྒྱུན་དུ་གྲོ་ཤོད་གླུ་ཕྲེང་གི་གཞུང་གླུ་དར། ཆུ་བོ་འདིའི་རྒྱུད་དུ་རྩ་མདའི་བར་ཀྱོག་སྒྲ་སྙན་དཀྲོལ་གཏོང་དར་བ་ལས་ལ་སྟོད་དིང་རི་ལྷོ་མའི་སྒྲ་སྙན་དཀྲོལ་གཏོང་ཕྱག་རྒྱུན་བྱུང་བ་དང་། བལ་ཡུལ་གྱི་ཤར་པའི་སྒྲ་སྙན་དཀྲོལ་ཕྱག་རྒྱུན་དང་ལྷ་རྩེ། དེ་ལས་རིམ་བཞིན་རྒྱལ་རྩེ། ལྷ་ས། འབྲུག་པ་བཅས་ཀྱི་སྒྲ་སྙན་དཀྲོལ་གཏོང་གི་ཕྱག་རྒྱུན་དར་བ་ཡིན་ནོ། །ཐེངས་འདིར་འབྲོག་སྡེ་རྙིང་པ་དག་ལ་ཆེད་དུ་དམིགས་ནས་ཡོང་བ་ཡིན་ལ་དེ་དག་གི་ད་ལྟའི་གནས་ཚུལ་དང་ས་མིག །དེ་མིན་འབྲོག་སྡེ་སོ་སོའི་ཤ་མར་གྱི་རིན་གོང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་རང་བྱུང་ས་བབ་སོགས་སྐབས་གཞན་དུ་བཤད། བཀྲ་ཤིས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1