༄༅།།བོད་ལུགས་གསོ་རིག་ལས་ནད་གཞི་གསོ་ཚུལ་གྱི་རྩ་དོན་ཅུང་ཙམ་གླེང་བ།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ལས་གསར་དུ་སྤེལ། སྤེལ་དུས། 01-15


ནད་གཞི་གསོ་ཚུལ་ཞེས་པ་དེ་ནི་ནད་རིགས་གསོ་བཅོས་ཀྱི་བྱ་བའི་ནང་ནད་ཐོག་སྨན་ཁེལ་ཡོང་བ་བྱས་ཏེ་སྨན་བཅོས་ཀྱི་ཕན་འབྲས་དང་མྱུར་ཚད་ལ་འགན་སྲུང་ཡོང་བ་བྱེད་པའི་གཞི་རྩའི་ཐབས་ཇུས་དང་སྒྱུ་རྩལ་ཞིག་རེད། བོད་ལུགས་གསོ་རིག་གི་སྨན་བཅོས་ལག་ལེན་གྱི་ཐོག་ནས་གསོ་ཚུལ་གྱི་ཐབས་ཇུས་རྩ་དོན་དགུ་ཞེས་པར་གནད་བསྡུས་གཏན་ཁེལ་མཛད་དེ་བསྟན་ཡོད་པ་རེད། ། ༡མ་རྟོགས་དོགས་བཅས་གདེང་མ་ཐོབ་བའི་ནད། །བྱི་ལ་འཇབ་པ་ལྟ་བུའི་སད་མདས་བཅོས། ། ༢ངོས་ཟིན་ངེས་པ་རྙེད་ཅིང་གདེང་ཐོབ་ན། །སྤོ་ལ་དར་འཕྱར་ལྟ་བུར་དངོས་སུ་བཅོས། ། ༣གཉེན་པོ་ཐོག་ཏུ་མི་འབབ་ནད་ལམ་གཟུང་། །རྟ་རྒོད་དཀྱུས་སུ་འཛུད་པ་ལྟ་བུར་བཅོས། །

༤སྔར་བཅོས་ནད་ལ་དམན་ལྷག་ལོག་པ་གསུམ། །བརྟག་ལ་སྐྱར་མོ་ཉ་ལེན་བཞིན་དུ་བཅོས། ། ༥སྟོབས་ཆེན་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི། །ལག་གཏོད་མི་ཤ་འཕྲང་ཕྲད་ལྟ་བུར་བཅོས། ། ༦སྟོབས་ཆུང་ནད་ལ་སྤྱོད་ལམ་ཟས་སྨན་དཔྱད། །སྐས་གདང་ལྟ་བུར་མས་འཛེག་རིམ་པས་བཅོས། ། ༧རྐྱང་པའི་ནད་ལ་དཔའ་བོས་དགྲ་འདུལ་བཞིན། །དེ་གཞིལ་གཞན་ལ་གནོད་མེད་སྦྱོར་བས་བཅོས། ༨ལྡན་འདུས་ནད་ལ་འདུ་བ་ཆ་སྙོམས་གཅེས། །གཙོ་བོས་དམེ་ཤོར་འཁྲུགས་བཟླུམས་ལྟ་བུར་བཅོས། ། ༩ཀུན་ལ་གནོད་བྱ་ལ་སོགས་ཆོས་བཅུར་སྦྱར། །མཛོ་ཁལ་ལུག་ཁལ་ལྟ་བུར་འཚམ་པས་བཅོས། །ཞེས་གསུངས་སོ། །

༡ བྱི་ལ་འཇབ་པ་ལྟ་བུའི་གསོ་ཚུལ།

ནད་གཞིའི་སློང་རྐྱེན་དང་ནད་རྟགས་མངོན་ཚུལ་སོགས་ལ་བརྟག་ཞིབ་བྱས་རུང་། ད་དུང་ནད་གཞི་གང་ཡིན་གཏན་འཁེལ་བྱེད་མ་ཐུབ་པར་ཐེ་ཚོམ་བྱུང་སྐབས་བྱི་ལ་འཇབ་ནས་བྱི་བ་བཟུང་བ་ལྟར་སྨན་རིགས་ཀྱིས་ཚོད་ལྟའི་རྟོགས་ཞིབ་བྱེད་དགོས་ཀྱི་རེད། དེ་ཡང་དཔེར་ན། ནད་གཞི་དེ་རླུང་མིན་ན་བསམ་པའི་དོགས་པ་བྱུང་ན་སྲེ་ལོང་སོགས་རུས་པའི་ཐང་གཏོང་བ་དང་། མཁྲིས་པར་དོགས་པ་བྱུང་ན་ཏིག་ཏའི་ཐང་གཏོང་བ། བད་ཀན་ལ་དོགས་པ་བྱུང་ན་རྒྱམ་ཚྭ་གསུམ་ཐང་གཏོང་བ། ཕོ་ལོང་སོགས་ཀྱི་གཉན་སྲིན་ནད་ལ་དོགས་པ་བྱུང་ན་ཁྱུང་ལྔ་གཏོང་བ། ཁྲག་འཁྲུགས་པ་དང་རླུང་གཟེར་གྱི་ནད་ལ་དོགས་པ་བྱུང་ན་མ་ནུ་བཞི་ཐང་གཏོང་བ། སྦྱར་དུག་གི་ནད་ལ་དོགས་པ་བྱུང་ན་སྡུད་སྨན་ཐང་ཆེན་ཉེར་ལྔ་གཏོང་བ་སོགས་མདོར་ན་དོགས་རིགས་གང་ཡིན་རུང་། དེར་ཕན་པའི་སྨན་རིགས་ཀྱི་སྦྱོར་བ་ཆུང་ངུས་ཚོད་ལྟ་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་གོམ་གང་མདུན་སྤོས་ཀྱིས་རྟོགས་ཞིབ་གཏན་འཁེལ་བྱེད་དགོས་ལ། ཐབས་ཤེས་དེར་སྨན་རྫས་ལ་བརྟེན་ནས་རྟོགས་ཞིབ་བྱེད་པ་ཡང་ཟེར་གྱི་ཡོད།

༢ སྤོ་ལ་དར་འཕྱར་ལྟ་བུའི་གསོ་ཚུལ།

ནད་ངོས་གསལ་པོ་བྱུང་སྐབས་རི་རྩེར་དར་འཕྱར་བ་ལྟར་ནད་གཞི་འདི་འདྲ་ཡིན་པ་དང་། རྐྱེན་འདི་འདྲ་ཞིག་གིས་བསླངས་པ་ཡིན་པ། ན་ལུགས་འདི་འདྲ་ཞིག་ཡོད་པ། སྨན་དཔྱད་དང་ཟས་སྤྱོད་འདི་འདྲ་ཞིག་བྱེད་དགོས་པ། སྨན་བཅོས་ཀྱི་དུས་ཚོད་འདི་འདྲ་ཞིག་དགོས་པ། ཡང་ན་རྒྱུ་མཚན་འདི་དང་འདི་འདྲའི་རྐྱེན་པས་བཅོས་ཐབས་མེད་པ་སོགས་གསལ་སྟོན་བྱས་ཐོག །ནུས་ཤུགས་བསྡུས་ཀྱིས་སྨན་བཅོས་བྱེད་དགོས་ཀྱི་རེད།

༣ རྟ་རྒོད་དཀྱུས་འཛུད་ལྟ་བུའི་གསོ་ཚུལ།

ནད་རིགས་ཁ་ཤས་ཕན་ཚུན་འདྲེས་ནས་རང་ཉིད་ཀྱི་གཉེན་པོ་མི་ལེན་པའི་སྐབས་སུ་རྟ་རྒོད་ལམ་ཤུར་བཅུག་པ་ལྟར་གྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས་ཀྱི་རེད། དཔེར་ན། ཚ་བའི་ནད་ཐོག་མར་བད་རླུང་དང་འདྲེས་ནས་མ་སྨིན་པའི་སྐབས་བསིལ་བཅོས་བྱས་རུང་། དེ་ཉིད་གྲོགས་བད་རླུང་གི་ཐོག་ཏུ་བབས་ནས་ཚ་བས་གཉེན་པོ་མི་ལེན་པ་དེར་སྨིན་སྡུད་འབྱེད་པའི་སྨན་འཕྲུལ་ཐང་དང་། ནོར་བུ་བདུན་ཐང་སོགས་བཏང་ནས་བད་རླུང་གཉིས་ཞི་རུ་བཅུག་རྗེས། གཞི་ནས་བསིལ་སྨན་བཏང་སྟེ་ཚ་བ་གཅོག་དགོས་པ་དང་། ཁྲག་འཁྲུག་ཀྱི་ནད་ཐོག་མར་ནད་ཁྲག་ཟུངས་གཉིས་འོ་མ་དང་ཆུ་འདྲེས་པ་ལྟར་ཕན་ཚུན་འདྲེས་ནས་བསྡད་པའི་སྐབས་སུ་ཁྲག་གཏར་ན་ནད་ཁྲག་མི་ཐོན་པར་མ་ཟད། ལུས་ཟུངས་ལ་ཡང་གནོད་པས་སྔོན་ལ་འབྲས་བུ་གསུམ་ཐང་བཏང་ནས། བཟང་ཁྲག་དང་ངན་ཁྲག་དབྱེ་བ་ཕྱེ་བའི་རྗེས་སུ་ཁྲག་གཏར་ནས་བཅོས་དགོས། དེ་བཞིན་ཕོ་བ་སྨུག་པོའི་ནད་དང་དུག་ཚད་ཀྱི་རིགས་རྣམས་ལ་སྔོན་ལ་ཐང་ཆེན་ཉེར་ལྔ་སོགས་བསྡུ་སྨན་རིགས་བཏང་ནས། དེ་རྗེས་དངོས་གཞིའི་སྨན་གཏོང་དགོས་པ་དང་། ཕོ་བ་དང་མཁལ་མ་སོགས་ལ་ཚ་བ་གབ་ནས་གཉེན་པོ་མི་ལེན་པའི་སྐབས་སུ། ཐོག་མར་དྲོད་སྨན་རིགས་བཏང་ནས་གྲང་བ་སེལ་རྗེས་ཚ་བ་བཅོས་པའི་སྨན་རིགས་རྣམས་གཏོང་དགོས་པ་སོགས་མདོར་ན་ནད་མ་སྨིན་པའི་རིགས་རྣམས་སྨིན་པར་བྱེད་དགོས་པ་དང་། ནད་བྱེར་བ་རྣམས་བསྡུ་བ། ནད་འདྲེས་པ་རྣམས་དབྱེ་བ། ནད་གབ་པ་རྣམས་བཤུ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བཅོས་དགོས་ཀྱི་རེད།

༤ སྐྱར་མོ་ཉ་ལེན་ལྟ་བུའི་གསོ་ཚུལ།

དེ་སྔོན་སྨན་བཅོས་ཡུན་རིང་བྱས་རུང་དྲག་སྐྱེད་མ་བྱུང་བའི་ནད་དེ་བྱ་སྐྱར་མོས་ཉ་ལེན་པའི་ཐབས་ཤེས་ལྟར་བཅོས་དགོས་ཀྱི་རེད། དཔེར་ན། དེ་སྔོན་གྱི་ནད་ངོས་འཛིན་ཚུལ་དང་སྨན་བཅོས་བྱེད་ཚུལ་སོགས་ལ་བརྟག་དཔྱད་བྱས་ནས་དམན་ལྷག་ལོག་གསུམ་གྱི་སྐྱོན་ཆ་གང་བྱུང་ཡོད་མེད་ལ་ཞིབ་འཇུག་ཕྲ་ཞིབ་བྱས་ཏེ། ནད་སྟོབས་ཆེན་པོ་ལ་སྨན་ཤུགས་ཆུང་དྲགས་ནས་ནད་སྟོབས་མ་འཇོམས་པ་ཡིན་ན་སྨན་ཤུགས་ཆེ་རུ་བཏང་སྟེ་བཅོས་དགོས་པ་དང་། ཡང་ན་སྨན་ལོག་བྱུང་སྟེ་ནད་སྡུག་ཏུ་སོང་བ་ཡིན་ན་སྨན་བརྗེས་ནས་ནད་དེ་རང་ལ་ཕན་པའི་སྨན་གྱིས་བཅོས་དགོས་པ། གལ་ཏེ་ནད་སྟོབས་ཆུང་ལ་སྨན་ཤུགས་ཆེས་དྲགས་པས་ནད་དེ་འཇོམས་རུང་། ནད་གཞན་བསླངས་པ་ཡིན་ན་ནད་གང་ལངས་པ་དེའི་གཉེན་པོས་བཅོས་དགོས་པ་ལྟ་བུ་རེད། །

༥ མི་ཤ་འཕྲང་ཕྲད་ལྟ་བུའི་གསོ་ཚུལ།

ནད་སྟོབས་ཆེན་གྱི་རིགས་ལ་དགྲ་བོ་ལམ་འཕྲང་དུ་བཀག་ནས་ཚར་གཅོད་བྱེད་པ་དང་འདྲ་བར་སྨན་དཔྱད་ཟས་སྤྱོད་བཞི་གའི་ནུས་ཤུགས་གཅིག་བསྡུས་བྱས་ནས་བཅོས་དགོས་ཀྱི་རེད། དཔེར་ན། ཚ་བ་རྒྱས་ཚད་སྟོབས་ཆེན་གྱི་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི་ག་བསིལ་ཆེ་བའི་རིགས་ཀྱི་ས་བཅོས་དགོས་པ་རེད། དེ་བཞིན་གྲང་བ་སྟོབས་ཆེན་གྱི་ནད་ལ་སྨན་དཔྱད་ཟས་སྤྱོད་བཞི་ག་དྲོད་ཆེ་བའི་རིགས་ཀྱིས་བཅོས་དགོས་པ་ལྟ་བུ་རེད།

༦ སྐས་གདང་མས་འཛེག་ལྟ་བུའི་གསོ་ཚུལ།

ནད་རིགས་གང་ཡིན་ཡང་སྟོབས་ཆུང་བའི་རིགས་ལ་སྐས་གདང་མས་ནས་འཛེག་པ་ལྟར་རིམ་པས་བཅོས་དགོས་ཀྱི་རེད། དཔེར་ན། དང་པོ་སྤྱོད་ལམ་ལ་གཟབ་ནན་བྱེད་དགོས་པ་དང་། དེས་མ་དྲག་ན་གནོད་ཟས་སྤངས་ནས་ཕན་ཟས་བསྟེན་དགོས་པ་དང་། དེས་ཀྱང་མ་དྲག་ན་སྨན་རིགས་ཀྱིས་བཅོས་དགོས་པ་དང་། དེ་དག་གིས་ཀྱང་ད་དུང་དྲག་སྐྱེད་མ་བྱུང་དུགས་དང་། ལུམས། བྱུག་པ། གཏར། བསྲེག་སོགས་མདོར་ན་འཇམ་རྩུབ་ཀྱི་དཔྱད་གང་དགོས་ཀྱིས་ནད་གཏིང་ནས་འདོན་དགོས་ཀྱི་རེད།

༧དཔའ་བོ་དགྲ་འདུལ་ལྟ་བུའི་གསོ་ཚུལ།

རླུང་སོགས་ནད་གཞི་རྐྱང་པའི་རིགས་རྣམས་དཔའ་བོས་དགྲ་འདུལ་བ་ལྟར་ལུས་ཁམས་ལ་མི་གནོད་པ་དང་། ནད་གཞན་མི་སློང་བའི་ཐོག་ནས་ད་ཡོད་ཀྱི་ནད་དེ་ཉིད་བཅོས་དགོས་ཀྱི་རེད། དཔེར་ན། རླུང་ནད་རྐྱང་པ་བཅོས་སྐབས་བད་མཁྲིས་གཉིས་ལ་མི་གནོད་པའི་ཐོག་ནས་བཅོས་དགོས་པ་དང་འདྲ་བར་བད་མཁྲིས་སོ་སོ་བཅོས་སྐབས་ཀྱང་གཞན་གཉིས་ལ་མི་གནོད་པ་བྱེད་དགོས་པ་ལྟ་བུ་རེད། དེ་ནི་སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་ལྡོག་ཕྱོགས་ཀྱི་ནུས་པ་མི་ཐོན་པ་བྱེད་རྒྱུ་གལ་ཆེའི་བྱ་ཐབས་ཤིག་ཡིན་པ་ཤེས་དགོས་ཀྱི་རེད།

༨ དམེ་ཤོར་འཁྲུགས་ཟླུམས་ལྟ་བུའི་གསོ་ཚུལ།

ནད་རླུང་མཁྲིས་བད་ཀན་སོགས་གཉིས་མཉམ་དུ་ལྡན་པའམ་གསུམ་མཉམ་དུ་འདུས་པའི་ནད་རིགས་རྣམས་ནང་འཁྲུག་བར་འདུམ་བྱེད་པ་ལྟར་ཉེ་རིང་མེད་པར་བཅོས་དགོས་ཀྱི་རེད། དཔེར་ན། རླུང་མཁྲིས་བད་ཀན་གསུམ་ག་མཉམ་དུ་འདུས་པའི་སྐབས་སུ་འདུ་བ་སྤྱི་སྙོམས་ཀྱི་སྨན་ཨ་རུ་དང་བྲག་ཞུན་གཉིས་ཀྱིས་གཞི་བཟུང་བའི་ཐོག་གནས་དང་ནད་གཞི་སོ་སོའི་ཁ་འཛིན་སྙིང་ནད་ཛཱ་ཏི་དང་། གློ་བར་ཅུ་གང་། མཆིན་པར་གུར་གུམ། སྲོག་རྩར་ལི་ཤི། མཁལ་མར་སུག་སྨེལ། མཆེར་པར་ཀ་ཀོ་ལ་བཅས་བཟང་པོ་དྲུག་སོ་སོར་སྣོན་པ་དང་། དེ་བཞིན་ཕོ་བའར་སེ་འབྲུ་དང་པི་པི་ལིང་། མཁྲིས་པར་ཏིག་ཏ་དང་གསེར་མེ། རླུང་ནད་ལ་ཛཱ་ཏི་དང་སླེ་ཏྲེས་རུས་བཅུད་གསུམ། བད་ཀན་ལ་མ་ནུ་དང་འུ་སུ་བསེ་ཡབ། ཁྲག་ནད་ལ་བ་ཤ་ཀ་དང་ཧོང་ལེན། ཆུ་སེར་ནད་ལ་སྤོ་དཀར་དང་ཐལ་རྡོ་སོ་མ་ར་ཛ། གཉན་དང་གདོན་གྱི་ནད་ལ་གླ་རྩི་དང་གུ་གུལ་ནག་པོ་བཅས་ནད་རྟགས་དང་བསྟུན་ནས་སོ་སོར་སྣོན་དགོས་པ་ལྟ་བུ་ཡིན། མདོར་ན་ལྡན་འདུས་ཀྱི་ནད་ཅིག་ཡིན་ཕྱིར་དེ་དང་མཐུན་པའི་གཉེན་པོའང་ཆ་མཉམ་དུ་བསྟེན་དགོས་ལ་ནད་གང་ཞིག་ཤས་ཆེ་བ་ཡོད་ན་དེའི་གཉེན་པོ་མང་ཙམ་སྣོན་པའང་ཡང་ན་སྔོན་ལ་ནད་གཙོ་བོ་དེ་དང་དེ་རྗེས་ནད་ཕལ་པ་དེ་བཅོས་དགོས་པ། ཡང་ན་སྨན་སྔ་དགོང་གི་དུས་སུ་མཁྲིས་པ་ཚ་བའི་ནད་འཇོམས་ཆེད་བསིལ་སྨན་དང་བསིལ་ཟས་རིགས་བསྟེན་དགོས་པ་དང་། སྲོད་དང་སྔ་དྲོའི་དུས་སུ་ཕོ་བའི་མེ་དྲོད་གསོ་བྱེད་ཀྱི་དྲོད་སྨན་དང་དྲོད་ཟས་རིགས་བསྟེན་དགོས་པ། དགོང་མོ་དང་ཐོ་རངས་ཀྱི་དུས་སུ་རླུང་ཁ་གནོན་ཆེད་དུ་དྲོད་བཅུད་ཆེ་བའི་ཟས་སྨན་རིགས་བསྟེན་དགོས་པ་བཅས་རེད།

༩ མཛོ་ཁལ་ལུག་ཁལ་ལྟ་བུའི་གསོ་ཚུལ།

མདོར་ན་ནད་རིགས་གང་ཡིན་ཡང་མཛོ་ཁལ་མཛོ་དང་ལུག་ཁལ་ལུག་ལ་འགེལ་བ་ལྟར་བཅོས་དགོས་ཀྱི་རེད། དཔེར་ན། ནད་པ་དེའི་ནད་གཞིའི་ངོ་བོ་དང་། ནད་ཚབས་ཆེ་ཆུང་། ནད་ཡུན་རིང་ཐུང་། ནད་པའི་ལུས་ཁམས་ཀྱི་རང་བཞིན། ལོ་ན་རྒན་གཞོན། ལུས་སྟོབས་བཟང་ངན། ཁ་ཟས་ཀྱི་འཇུ་སྟོབས་ཆེ་ཆུང་། ནམ་དུས། ས་གནས་སོགས་ཕྱོགས་གང་ཅིའི་ཐད་ལ་བསམ་གཞིགས་ཞིབ་ཕྲ་བྱས་ཏེ་གང་ལ་དེ་འཚམ་གྱི་སྒོ་ནས་སྨན་བཅོས་བྱེད་དགོས་ཀྱི་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1