༄༅།།བྲག་སྒམ་ནང་།

ལི་ཅིང་གིས་བྲིས་ རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ནས་གསར་དུ་སྤེལ། སྤེལ་དུས། 01-19


 ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཙམ་ཡོད་པའི་བྲག་སྒམ་ནང་སྡེ་པ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གཡི་བ་གྲོང་རྡལ་གྱི་ཁོངས་སུ་གཏོགས་པ་རེད། རི་ཚོགས་ཀྱིས་བསྐོར་བའི་སྡེ་པ་དེ་ཉིད་མཁར་རྫོང་ཞིག་དང་གཉིས་སུ་མེད། སྡེ་པའི་ནང་གི་གནའ་བོའི་ཤིང་ཁང་ལྡེབས་སུ་ཆགས་ཤིང་། ལོ་ངོ་བརྒྱ་སྟོང་རིང་། གྲོང་ཚོའི་མི་རྣམས་ཀྱིས་རི་འདབས་ཀྱི་ཞིང་སར་ལོ་ཏོག་བཏབ། རི་ཕྱེད་ཀྱི་རྩྭ་རར་ཕྱུགས་འཚོ་བ་དང་སྐབས་འགར་རི་ནང་དུ་རི་དྭགས་རྔོན་པ་དང་ཐུན་པ་འཐུ་བར་བསྐྱོད་དེ། ཉི་མའི་འཆར་ནུབ་བཞིན་འཇིག་རྟེན་འཁོར་བའི་ལས་གཉེར། གནས་འདིའི་ཚ་ཁུལ་ཕལ་པ་དང་མཚོ་བོད་མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་བར་བརྒལ་རང་བཞིན་གྱི་གནམ་གཤིས་རིགས་ཀྱིས་དམིགས་བསལ་གྱི་བྲག་སྒམ་ནང་གི་ཞིང་ནགས་འབྲོག་གསུམ་མཉམ་འདུས་མ་ལག་བསྐྲུན་པ་དང་། ནང་ལོགས་ཀྱི་རྨོ་འདེབས་རིག་གནས་དང་འབྲོག་པའི་རིག་གནས་མཉམ་འདྲེས་གང་ལེགས་བྱུང་ཡོད།2017ལོའི་ཟླ་11པར། བྲག་སྒམ་ནང་ཞིང་ནགས་འབྲོག་གསུམ་མཉམ་འདུས་མ་ལག་དེ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས(FAO)ཀྱིས་འཛམ་གླིང་གི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་དུ་ངོས་འཛིན་བྱས། 2023ལོར། བྲག་སྒམ་ནང་སྡེ་པ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི“ཡུལ་སྐོར་གྲོང་ཚོ་ཡག་ཤོས”ཁག་གསར་པའི་མིང་ཐོའི་ནང་བདམས་པ་རེད། བྲག་སྒམ་ནང་གི་རྨོ་འདེབས་རིག་གནས་དང་། འབྲོག་པའི་རིག་གནས། ནགས་ཚལ་རིག་གནས་བཅས་མཉམ་འདྲེས་བྱུང་བ་དང་། ཞིང་ཁ་དང་། བཞུར་རྒྱུན། སྡོད་དམངས། ནགས་ཚལ་དང་རྩྭ་ཐང་གཞི་གཅིག་ཏུ་འདྲེས་ཏེ། ཁྱད་དུ་འཕགས་པའི་ཞིང་སྡེའི་འཚོ་བའི་བར་སྟོང་ཆགས་པས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་བྱ་ཡུལ་ཡིན། བྲག་སྒམ་ནང་གིས་སྔོན་ནས་བཀོད་སྒྲིག་བྱས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས་རྨང་གཞིའི་སྒྲིག་བཀོད་དང་མི་སྡོད་ཁོར་ཡུག་ལེགས་སུ་བཏང་སྟེ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཟུང་འབྲེལ་དམ་ཟབ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་ཆགས་པར་བྱས་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིར་སྒྱུར་དང་བསྒྱུར་བཞིན་མཆིས། ཐེ་བོ་རྫོང་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོའི་ཟླ་11པའི་ཟླ་མཇུག་བར། བྲག་སྒམ་ནང་གིས་ཡུལ་སྐོར་པ་མི་ཐེངས་ཁྲི་180ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་277%འཕར་བ་དང་། རྫོང་ཡོངས་སུ་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་21མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་211%འཕར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1