དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་སྤོས་ལྡན་གྲོང་ཁྱེར་དུ་བོད་རིག་པ་ཆེད་མཁས་པའི་༢༠༢༤ལོའི་དཔྱིད་བསུ་ཇ་སྟོན་ཚོགས་འདུ་འཚོགས།

གསར་འགོད་པ། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 01-24


ཟླ་དང་པོའི་ཚེས་༢༣ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་༢༠༢༤ལོའི་བོད་རིག་པའི་ཆེད་མཁས་པའི་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། བཞུགས་མོལ་ཚོགས་འདུ་འགོ་ཚུགས་མ་ཐག་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་ཁྲིད་འཇིགས་མེད་རྡོ་རྗེས་ཤིས་ཚིག་ཕུལ་བ་དང་། ཁོང་གིས་གནམ་གཤིས་གྲང་ངར་ཆེ་བའི་དགུན་གྱི་དུས་སྐབས་འདིར་མཁས་དབང་ཚོས་ལོ་གཅིག་རིང་དཀའ་སྤྱད་ལས་སྒྲུབ་མཛད་པས། ལུས་སེམས་ངལ་དུབ་ཆེ་ཡང་འོ་བརྒྱལ་ལ་མ་འཛེམ་པར་གནས་འདིར་ཕེབས་པ་ནི་དཀར་མཛེས་བོད་རིག་པ་རྩོམ་སྒྱུར་ལྟེ་གནས་ལ་བཅངས་པའི་འགྱུར་མེད་ཀྱི་དགའ་ཞེན་ལས་བྱུང་བ་ཞིག་རེད། དེའི་ཐད་ཁོང་གིས་མཛའ་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་བོད་རིག་པ་ཞིབ་འཇུག་དང་རྩོམ་སྒྱུར་བྱ་གཞག །དཔེ་རྙིང་འཚོལ་སྡུད། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་ནས་ཚོགས་ཞུགས་མཁས་དབང་རྣམས་ལ་སྙན་ཞུ་ཞིབ་ཕྲ་ཕུལ་བ་དང་། གོང་གསལ་གྱི་གྲུབ་འབྲས་དེ་དག་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དོ་དམ་དང་མཛུབ་ཁྲིད། མཁས་དབང་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར། ཞིབ་འཇུག་ཁང་གི་ལས་དོན་མི་སྣ་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་བ་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུས།

བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་ལེགས་ཀྱིས་མཁས་དབང་རྣམ་པའི་ཚབ་བྱས་ནས་གཏམ་བཤད་གནང་། ཁོང་གིས་མཁས་དབང་རྣམ་པ་དང་ངོ་ཤེས་པའི་གོ་སྐབས་བྱུང་བར་སྤྲོ་སེམས་མཚོན་པ་དང་། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཕ་ཡུལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་དང་ཕུལ་བྱུང་གི་སྲོལ་རྒྱུན་དེ་སྔར་ལས་རྒྱང་རིང་བའི་གཞན་ཕྱོགས་སུ་ཁྱབ་སྤེལ་བྱེད་པའི་རེ་བ་བཏོན་པ་དང་། ཤེས་དཔལ་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ང་ཚོའི་བློ་གྲོས་ཀྱི་མཐོ་དམན་ལ་རག་ལས་པ་དང་། ཕ་ཡུལ་གྱི་ཁྱད་ལྡན་རིག་གནས་གཞི་ཚུགས་བརྟན་པོ་བཏང་ནས་ཀྲུང་ཧྭའི་རིག་གནས་དང་ཐ་ན་འཇིག་རྟེན་གྱི་ས་གཞི་ཆེན་པོར་ལྟ་བ་དང་། གཞན་ཕྱོགས་ཀྱི་ཤེས་དཔལ་ལ་བརྟེན་ནས་རང་ཉིད་ཀྱི་ཤེས་དཔལ་ལ་བསམ་གཞིག་བྱེད་དགོས་ཞེས་བཤད་པ་དང་། དེ་ནས་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པར་མ་ཟད། ཁོང་གིས་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་དཀར་མཛེས་ཁུལ་གྱི་མཁས་དབང་རྣམས་དང་མཉམ་དུ་དཀར་མཛེས་རིག་གནས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བཤད།

དེ་རྗེས་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་སྔོན་གྱི་ཐིང་ཀྲང་གཞོན་པ་ཚེ་པོས་གཏམ་བཤད་བྱས། ཐོག་མར་ཁོང་གིས་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་ཁོང་ལ་ད་ཐེངས་ཚོགས་འདུར་ཞུགས་པའི་གོ་སྐབས་སྤྲད་པར་ཐུགས་རྗེ་ཆེ་ཞུས་པ་དང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་འདས་པའི་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཤིང་། དེ་ནི་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཐོབ་པ་ཞིག་ཡིན་པས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་དང་། ང་ཚོ་ས་གནས་ཀྱི་རིག་གནས་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས་འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་གསར་གཏོད་ཡག་པོ་བྱེད་པ་དང་། གཙོ་གནད་ལ་དམིགས་ཏེ་སྤྱི་ཡོངས་ཀྱི་ལྟ་བ་འཛུགས་པ། དོན་དངོས་ལ་གཞི་ཚུགས་ཏེ་ཡང་རྩེར་འགྲན་སློང་བྱེད་པ།  དཀར་མཛེས་ཀྱི་བོད་རིག་པ་འཕེལ་རྒྱས་གཏོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་བས། འབད་འབུངས་རྒྱུན་ཆད་མེད་པ་བྱས་ན་ད་གཟོད་གྲུབ་འབྲས་གསར་པ་དང་བྱས་རྗེས་གསར་པ་འཇོག་ཐུབ། མཇུག་ཏུ་ཁོང་གིས་ཚོགས་འདུར་ཞུགས་མཁན་གྱི་མཁས་དབང་རྣམ་པས་ཀྲུང་གོའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་ཐད་ནུས་ཤུགས་གང་ཡོད་འདོན་དགོས་པར་མ་ཟད། སྤྱི་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་རེ་འབོད་བྱས་ཏེ། ཕུགས་བསམ་ཡོད་མཁན་དེ་བས་མང་བ་སྣེ་ཁྲིད་དང་འགུགས་ཐབས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་བོད་རིག་པའི་མཁས་མཆོག་གསོ་སྐྱོང་དགོས་པའི་རེ་བ་བཏོན།

ཇ་སྟོན་ཚོགས་འདུར་དུས་ཆེན་གྱི་རྣམ་པ་ཟབ་མོ་ལྡན་པ་དང་། གླུ་ལེན་དང་གར་འཁྲབ། ཚོགས་ཞུགས་མཁས་དབང་ཚོས་གང་བསམ་ལྷུག་པོར་བཤད་པ་རེད། ད་ཐེངས་ཀྱི་དཔྱིད་གསར་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་དེས་དཀར་མཛེས་བོད་རིག་པའི་ཆེད་མཁས་པ་དག་ལ་ཞི་ལྷོད་དང་སྤྲོ་སྣང་གི་བསམ་བློ་བརྗེ་རེས་བྱ་ཡུལ་ཞིག་བསྐྲུན་པས། དེར་ཕེབས་པའི་ཆེད་མཁས་པ་རྣམས་བློ་བདེ་ཉམས་དགའ་བྱུང་བ་དང་ཆབས་ཅིག །དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་བོད་རིག་པའི་ཆེད་མཁས་པའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ནས། ༢༠༢༤ལོའི་དཀར་མཛེས་བོད་རིག་པའི་བྱ་གཞག་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་མདུན་ལམ་བཟང་པོ་བཏོད་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1