༄༅།།གྲུ་པ་སངས་རྒྱས་སྐྱབས་ཀྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།སདབ་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 02-21


གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   སྐྱབས་གནས་དཀོན་མཆོག་གསུམ་པོ་མཁྱེན། །

   ཡང་མཁྱེན་རིགས་གསུམ་མགོན་པོ་མཁྱེན། །

   ཆོས་མེད་ལུང་པ་ཆོས་ལ་སྒྱུར། །

   བསམ་དོན་ཡིད་བཞིན་འགྲུབ་པར་ཤོག །

   ས་འདི་ཡི་ས་ངོ་མ་ཤེས་ན། །

   ཧོར་ཡུལ་ཐང་ཟམ་རིང་མོ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   གྲུ་པའི་དཔོན་པོ་སངས་རྒྱས་སྐྱབས། །

   སྐྱེ་བ་འདི་ཡི་གོང་རོལ་ན། །

   དག་པ་ལྷ་ཡི་ཞིང་ཁམས་ནས། །

   ལྷ་ཕྲུག་ལྔ་ལ་སྐྱེ་བ་བླངས། །

   ཆེ་མགོ་ངང་ཡག་དཀར་བ་དེ། །

   འབུམ་པའི་ཞལ་ལུ་དཀར་པོ་རེད། །

   མ་དབང་ཧོར་སེར་ལག་ཤོར། །

   དེ་འོག་ཤུགས་ཆེན་ངམ་ནག་དེ། །

   སྡིག་གཅོད་ཤན་པ་རྨེ་རུ་རྩེ། །

   དེ་འོག་ཤུགས་ཆེན་ངམ་ནག་དེ། །

   སྡིག་གཅོད་ཤན་པ་རྨེ་རུ་རྩེ། །

   དེ་འོག་འབུམ་པ་དཀར་ཆུང་དེ། །

   སེང་ཆེན་ནོར་བུ་དགྲ་འདུལ་ཟེར། །

   འཛམ་གླིང་སྐྱོབ་པའི་ལྷ་སྐལ་རེད། །

   དེ་འོག་ལྷ་རྒོད་དུང་འབུམ་དེ། །

   གྲུ་པའི་དཔོན་གྱི་ལུས་ལ་གྲུབ། །

   ཆུང་བ་མན་རྩེ་འོད་དཀར་དེ། །

   རི་པ་ཐང་རྩེ་གཡུ་འབྲུག་ཟེར། །

   དེ་གསུམ་ཧོར་སེར་ཡུལ་ལ་སྐྱེས། །

   སྐྱེས་དོན་རྩ་བ་བཤད་པ་ན། །

   ལྷ་བརྒྱས་ཚོགས་འཁོར་སྐོར་བའི་ཉིན། །

   ཚོགས་ཤ་མ་རྙེད་མི་ཤ་དྲངས། །

   ཚོགས་ཆང་མ་རྙེད་ཁྲག་ལ་བྱས། །

   དེ་ཡིས་ཧོར་སེར་ཡུལ་ལ་འཁྱམས། །

   ཚོགས་ཤ་ཚོགས་ཆང་རྙེད་པ་ན། །

   ཁྲ་པོ་གླིང་གི་ས་ཆ་རུ། །

   དཔའ་བརྟུལ་ལུས་རྟེན་ལེན་རྒྱུ་ཡིན། །

   རྟེན་འབྲེལ་མ་འཛོམ་ཧོར་ཡུལ་ཐལ། །

   དེ་ཚོ་གྲུ་པའི་ལོ་རྒྱུས་ཡིན། །

   ས་འདི་ཧོར་སེར་ས་ཆ་ཡིན། །

   ཆུ་ཆེན་ཧོར་ཆུ་ཁམ་པ་ཡིན། །

   རྗེ་དཔོན་ཁྲི་རྗེ་གུར་དཀར་ཡིན། །

   དེ་ནས་རྒྱ་ཡི་ཐང་འབུམ་ཉོན། །

   ཉི་མ་གཞེས་ནིང་གནམ་ལོ་ལ། །

   ཧོར་དམག་ཁྲ་མོ་གླིང་ལ་སོང། །

   འབྲུག་མོ་ནོམ་ལ་བཅད་ནས་བྱུང་། །

   དེ་ཕན་ཧོར་ཆུ་ཁམ་པ་འདི། །

   ཟམ་མེད་མ་ཡིན་ཟམ་ཡོད་ཡིན། །

   ཧོར་ཟམ་རིང་མོ་སྲིད་ལེ་ཡིན། །

   ཉི་མ་དེ་ཚོའི་ཚུན་ཆད་ནས། །

   དོགས་པ་བྱས་ནས་གྲུ་ལ་བསྒྱུར། །

   ཧོར་ཆུས་གླིང་དམག་གི་ཁོག་ཀྱང་། །

   གྲུ་བཙུགས་ད་རུང་བརླིང་ཆ་ཆེ། །

   ཧོར་གྱི་ཉ་སྦལ་ལྕོང་མོ་གསུམ། །

   གྲུ་སོ་གསུམ་གྱི་སོ་ལ་བཞག །

   སྟོད་གྲུ་ཐང་ཟམ་རིང་མོ་འདིར། །

   ལྕོང་མོའི་གྲུ་པ་ང་རང་ཡིན། །

   བར་གྲུ་ཐང་རྒོད་གྲུ་སོ་ན། །

   ཉ་པའི་ཨ་མགོ་ལྕགས་མིག་ཡོད། །

   སྨད་གྲུ་ཐང་ནག་གྲུ་སོ་ལ། །

   སྦལ་པའི་མི་བཙན་ཁ་ཤོ་ཡོད། །

   སྨད་གྲུ་ཐང་ནག་གྲུ་སོ་ལ། །

   སྦལ་པའི་མི་བཙན་ཁ་ཤོ་ཡོད། །

   གྲུ་གཡོག་མི་མགོ་བཅུ་རེ་ཡོད། །

   ཚུར་ཡོང་བརྒྱ་བྱུང་གྲུ་ཐོ་འགོད། །

   ཕར་འགྲོ་སྟོང་བྱུང་ཐམས་ཅད་འདུས། །

   ཨེ་གཏོང་གྲོས་ཁ་བསྡུར་ལེ་ཡིན། །

   ཁ་འཆམ་མཐུན་ན་གཏོང་ལེ་ཡིན། །

   ལ་བཞིན་ཧོར་སེར་མ་གཏགས་པ། །

   སུ་ཡིན་འགྲོ་འོང་བྱེད་ས་མེད། །

   ཧོར་རྗེ་རྒྱལ་པོའི་རྒྱལ་ཁྲིམས་ཡོད། །

   བྱེ་མ་ཉག་ལའི་ཚུན་ཆོད་ན། །

   ཚུར་ཡོང་རྗེས་ན་ཉུལ་མ་ཡོད། །

   ཕར་འགྲོའི་རྗེས་ན་རྒྱབ་འདེད་ཡོད། །

   ཁྱེད་རང་འདིར་ཡོང་མ་ལེགས་གདའ། །

   དེ་སྟེ་མི་ཆུང་རྒྱ་ཡི་བུ། །

   དོ་ནུབ་གྲུ་པའི་ཁྱིམ་དུ་སྡོད། །

   ཟ་མ་ལོངས་སྤྱོད་ཞོར་ལ་ཟོ། །

   མཆོད་རྟེན་ལྷ་ཁང་ཕུག་ལ་ཞོག །

   མཆོད་པ་ཞོར་ལ་འབུལ་བས་ཆོག །

   སང་ཉིན་གྲུ་པའི་གྲོས་ར་བསྡུ། །

   གྲུ་ལ་ཨེ་གཏོང་གྲོས་ཀྱིས་གཅོད། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་གྱིས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1