༄༅། །དཔའ་ལྷ་སེང་སྟག་ཨ་དོམ་གྱི་མཁར་ཤུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-05


  གོ་ཇོ་ན་ཡོད་པའི་གླིང་གི་དཔའ་བརྟུལ་དཔའ་ལྷ་སེང་སྟག་ཨ་དོམ་གྱི་སྐུ་མཁར་གྱི་ཤུལ།

འཇང་གླིང་གཉིས་ཀྱི་ས་མཚམས་ཀྱི། །མཁར་མི་འགྱུར་དཀར་མོ་ལྕུག་དཀྲིས་ནས། །ཞེས་གྲགས་པའི་མཁར་དེའི་ཤུལ་ཡིན་པར་གྲགས།

      སེང་སྟག་ཨ་དོམ་ནི་ཤར་རྨ་རྒྱལ་སྤོམ་རའི་འཕྲུལ་སྲས་ཤིག་ཁུ་བོ་སྤྱི་དཔོན་གྱིས་རྙེད་དེ་ཆུང་བའི་དུས་ནས་བསྐྱངས། དཔའ་ཕོ་རྩལ་སྤྱི་དང་། ལྷག་པར་གྲི་གཡུག་པ་དང་གཏམ་བཤད་པར་ཆེད་དུ་སློབ་སྦྱོང་བྱེད་བཅུག་པས་གླིང་དཔའ་བརྟུལ་གྱི་གྲས་ནས་ཡང་བརྟུལ་དུ་གྱུར་རྗེས་འབུམ་པའི་བློན་སར་བཞག་པ་དང་། རྗེས་སུ་དར་ཡུལ་གྱི་སྤྱི་རྗེ་ལ་མངའ་གསོལ་ནས་དར་རྗེ་ཁྱུང་རྒྱལ་སེང་སྟག་ཅེས་འབོད་པ་གསལ།

       རྗེས་སུ་གླིང་རྗེ་གེ་སར་ཁྲི་ཁར་འཁོད་རྗེས། བཀའ་ཡི་བློན་ཆེན་གསུམ་གྱི་གྲས་སུ་འདམས་ནས་ཁྲ་གླག་སྤྱང་གསུམ་གྱི་ནང་ནས་རི་སྤྱང་གི་མཚན་རྟགས་ཅན་དང་། དཔའ་ཡང་བརྟུལ་དམ་པ་མི་བདུན་གྱི་གྲས་ནས་མཁས་པ་གཏམ་གྱི་ཡང་བརྟུལ་དུ་མངའ་གསོལ་ནས་དཔའ་ལྷ་མི་སྤྱང་དཀར་པོ་ཞེ་ཐུལ་མི་སྤྱང་དཀར་པོ། སེང་སྟག་ཨ་དོམ། སེང་ཨ་དོམ་མི་ཡི་སྤྱང་ཀི དོམ་བུ་ཡ་མེད། དར་རྗེ་ཁྱུང་རྒྱལ་སེང་སྟག་སོགས་མཚན་གྱི་རྣམ་གྲངས་ཀྱང་མང་པོ་བྱུང་། ཁོང་ནི་གཙོ་བོ་ལྷོ་ཕྱོགས་མོན་གྱི་ཁ་གནོན་ལ་ཆེད་དུ་བསྐོས།

དེ་ཡང་གླིང་སྒྲུང་རྣམས་སུ།

སྟོད་རྒྱ་གར་ཛ་ཏིའི་གྱེན་ལམ་མན། །སྨད་རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ཡན། །

སེང་ཨ་དོམ་མི་ཡི་སྤྱང་ཀི་གཅིག །མཚོན་ལེབ་ཆེན་མི་ཡི་བཤའ་གྲི་གཉིས། །

རྟ་སྟོང་རི་ནོར་གྱི་བང་མཛོད་གསུམ་གསུམ། །མ་གྲགས་ས་ཞིག་ཡོད་ལེ་མིན། །ཞེས་པ་ལྟ་བུའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1