༄༅།།དམངས་སྲོལ་རིག་གནས་ལས་གཤིན་པོ་དུར་འདེབས་ཀྱི་སྐོར།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-06



དེ་ཡང་ད་ལྟའི་ཐ་མལ་གྱི་ལུས་འདི་འབྱུང་བཞིར་རང་སར་ཐིམ་ནས་བན་རིག་བྲལ་བ་ལ་གནས་སྐབས་ཀྱི་ཚེ་ཡི་འདུ་བྱེད་རྫོགས་ཞེས་བརྗོད་པ་ཡིན་ལ།  སྐབས་དེར་ད་ལྟའི་གདོས་བཅས་ཤ་ཁྲག་གི་ཕུང་པོ་འདི་དབུགས་ཀྱི་རྒྱུ་འགྲུལ་ཆད།  ཁྲག་གི་འཁོར་རྒྱུགས་འགག  ལུས་ཀྱི་བདེ་དྲོད་ཡལ།   རྣམ་ཤེས་ཀྱི་བརྟེན་རལ།  ལུས་ས་རྡོ་ལྟར་བདེ་སྡུག་གིས་ཚོར་བས་སྟོང་སྟེ། ཚེ་དང་ལས་དང་བསོད་ནམས་ཀྱི་འཕེན་པར་གསུམ་ཀར་རྫོགས་པས་ཚེ་ལས་འདས་པ་དང་། མལ་གྱི་ནང་ནས་ཤུལ་དུ་ལུས་པས་ན་ལུས་ཞེས་པའི་ཐ་སྙད་འདི་བྱུང་བ་ཡིན།  དེའི་ཚེ་རྟེན་བཅས་ཀྱི་དབང་པོའི་སྒོ་འགག་ཅིང་རྣམ་པར་ཤེས་པ་ལྔ་དང་བྲལ་ནས་ས་རྡོ་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བེམ་པོ་དང་།  གཡོ་འགུལ་བྱེད་རྒྱུ་མེད་ཅིང་མྱག་པའི་དྲི་དང་ལྡན་པས་བམ་རོ་དང་།   ཤ་ཁྲག་རུས་གསུམ་གཅིག་ཏུ་སྤུངས་པའི་ཕུང་པོ་སོགས་ཀྱི་ཐ་སྙད་འདི་བཏགས་པའི་སྲོལ་བྱུང་བ་ཡིན།   དེ་ལྟ་བུའི་ཤི་མ་ཐག་ཏུ་རོ་དེ་ད་ལྟའི་གསོན་པོའི་ལྟར་གཅེས་སུ་མི་འཛིན་པ་མ་ཟད་གསོན་པོ་དང་མཉམ་དུ་གཤིབས་ནས་ཡུད་ཙམ་ཞིག་སྡོད་ན་ཡང་སུན་སྣང་དང་རྣམ་རྟོག་གི་འཁུ་འཕྲིག་མང་པོ་སྐྱེ་བའི་གནས་སུ་འགྱུར་འགྲོ་བ་ཞིག་ཆོས་ཉིད་ཡིན་ལ། རྒྱུ་མཚན་དེ་ལ་བརྟེན་ནས་རོ་དེ་ཡུན་རིང་ཁྱིམ་དུ་མི་འཇོག་པ་དང་།  གལ་སྲིད་འཇོག་དགོས་བྱུང་ན་ཡང་རོ་བམ་ནས་དྲི་ངན་ལྡང་བ་སོགས་ཀྱི་གསོན་པོ་ཡིད་མི་དགའ་བའི་རྒྱུ་རྐྱེན་མང་ཞིག་འཕྲད་པ་ལ་བརྟེན་ནས་དུར་སར་འདེབས་པའི་སྲོལ་དེ་བྱུང་བ་ཞིག་ཡིན།  དུར་ཁྲོད་དེ་ལའང་ཆོས་ལུགས་རིག་གནས་དང་འབྲེལ་བ་ཡོད་པའི་ལུགས་ཤིག་དང་མེད་པའི་ལུགས་གཉིས་བྱུང་ཡོད་ལ།  སྤྱིར་དུར་ཁྲོད་ཞེས་པ་དེ་སྔོན་འཕགས་ཡུལ་ལྟར་ན།  རྣལ་འབྱོར་ཕོ་མོ་རྣམས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་དུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་འཇུག་པའི་གནས་དུར་ཁྲོད་ཆེན་པོ་རྣམས་སུ་གཤེགས་ཤིང་བམ་ཆེན་གྱི་ཤ་ལ་རོལ་ཞིང་ཁྲག་དང་རྒྱུ་ལྟོ་རྐང་མར་གཞིབ་པ་སོགས་ཀྱི་ལོ་རྒྱུས་ཡོད་ལ།   དེའང་ཡོངས་གྲགས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཅེས་པའི་མིང་བྱུང་ཡོད་པ་ནི།  འཕགས་ཡུལ་གྱི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དང་། སེངྒ་གླིང་དུར་ཁྲོད་ཆེན་པོ་དང་།    བལ་ཡུལ་གྱི་དུར་ཁྲོད་ཆེན་པོ་དང་།   སཱ་ལའི་ཡུལ་གྱི་དུར་ཁྲོད་ཆེན་མོ་དང་།  ལི་ཡུལ་གྱི་དུར་ཁྲོད་ཆེན་མོ་དང་།  ཁ་ཆེའི་ཡུལ་གྱི་དུར་ཁྲོད་ཆེན་མོ་དང་། ཨུ་རྒྱན་ཡུལ་གྱི་དུར་ཁྲོད་ཆེན་མོ་དང་།   ཟ་ཧོར་ཡུལ་གྱི་དུར་ཁྲོད་ཆེན་མོ་སྟེ་བརྒྱད་ཡིན།   ཡང་རྒྱུད་སྡེ་རྣམས་སུ་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀོད་པ་ལྟར་དུར་ཁྲོད་ཆེན་པོ་བརྒྱད་ནི།  དཔལ་ཀྱེེ་རྡོ་རྗེའི་མངོན་རྟོགས་ཡན་ལག་དྲུག་གི་མཛེས་རྒྱན་ལྟར་ན།   ཤར་དུ་གཏུམ་དྲག་གི་དུར་ཁྲོད། །ལྷོར་འཇིགས་བྱེད་ཐོད་པ་ཅན། །ནུབ་ཏུ་འབར་བའི་ཕྲེང་བས་བརྒྱན་པ། །བྱང་དུ་ཚང་ཚིང་འཁྲིགས་པ། །བྱང་ཤར་དུ་དྲག་ཏུ་དགོད་པ། །ཤར་ལྷོར་ཕྱུག་ནགས་ཚལ། །ལྷོ་ནུབ་ཏུ་འཇིགས་བྱེད་མུན་པ། །ནུབ་བྱང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོགས་པ་ཞེས་གསུངས་པ་དང་། ཡི་དམ་གཞན་རྣམས་ལ་རྣམ་གྲངས་འདྲེན་ལུགས་མི་འདྲ་བ་མང་པོ་ཞིག་སྣང་མོད།  དོན་དུ་དེ་དག་དཀྱིལ་འཁོར་གྱི་གཙོ་བོ་ཉིད་ལས་མི་གཞན་པའི་གདུལ་བྱ་འདུལ་བའི་ཐབས་ཚུལ་ཙམ་སྟོན་པ་མ་གཏོགས་མ་དག་པའི་སྣང་བ་ཞིག་གཏན་ནས་འབྱུང་གི་མེད་ལ།  ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་དག་མཉམ་བདེན་གཉིས་དབྱེར་མེད་ཀྱི་ངང་ལས་མ་གཡོས་པར་དག་སྣང་འབའ་ཞིག་མཚོན་པ་ཡིན་ལ།   དེ་དག་གི་དོན་རྒྱས་པ་ད་ལན་འདིར་སྐབས་སུ་མ་བབས་པས་སྤྲོས་པ་མི་བྱའོ།།    དེང་དུས་མི་ཤི་ནས་ཕུང་པོ་དེ་དུར་ས་འདེབས་པ་ལ་དཀར་ནག་རྩིས་ཀྱི་མེ་ལོང་ལས་ཤི་གསོན་གྱེས་བྲལ་གྱི་ལེགས་ཉེས་བརྟགས་པའི་རྩིས་འབྲས་ཀྱི་རྣམ་བཞག་ཇི་ལྟར་གཏན་འབེབས་བྱས་ཏེ་ཞག་གསུམ་དང་ལྔ་བདུན་ཕྲག་གཅིག་ཙམ་དུ་ཕུང་པོ་དེ་ཁྱིམ་དུ་འཇོག་པ་དང་།  དེ་ནས་དུར་སར་འདེབས་པའི་སྲོལ་ཡོད་ལ།  དུར་ས་དེ་ལའང་ས་དུར་དང་།  མེ་དུར།  ཆུ་དུར།  ཤིང་དུར།  བྱ་དུར་སོགས་གང་རུང་ཞིག་མོ་རྩིས་ཀྱི་བབས་དང་བསྟུན་ནས་ལག་ལེན་འདེབས་པའི་གོམས་སྲོལ་རྒྱུན་འཛིན་བྱས་པ་ཞིག་ཡིན།   དེ་ལྟ་བུའི་དུར་ས་དེའང་སྔོན་གྱི་མཁས་པ་དང་གྲུབ་པ་རྣམས་ཀྱིས་སའི་ཆགས་ཚུལ་ལ་བརྟགས་ནས་གསོན་པོ་ཚེ་རིང་ཞིང་ལོངས་སྤྱོད་རྒྱས་པ་དང་།  གཤིན་པོའི་ས་ལམ་གྱི་བར་ཆད་སེལ་ཞིང་བདེ་འགྲོ་ཐོབ་པའི་སའི་སྐལ་ཆེན་བཞིའི་ཁྱད་པར་དུ་བྱས་ཏེ་ཐོག་མར་ས་བརྟག་པ་ཡིན་ལ།  དེ་ནས་ས་བརྟགས་པ་ཙམ་གྱིས་རང་དབང་དུ་མི་འགྱུར་བས། ས་བདག་གམ་ལྟོ་འཕྱེ་ཞེས་ས་གཞི་ཆེན་པོ་ལ་དབང་བསྒྱུར་བྱེད་པའི་མངའ་བདག་ལ་ས་ཆོག་བསྙེན་བསྒྲུབ་ཡན་ལག་བཞིའི་སྒོ་ནས་ས་སློང་དགོས་པ་བཞེད་ལ།   ལྟོ་འཕྱེ་ཆེན་པོའི་ས་བྱིན་པ་ཙམ་གྱིས་འཐུས་པ་མི་འགྱུར་བས་ས་གཞི་ཆེན་པོའི་སྣོད་ལ་བརྟེན་པའི་གཟུགས་ཅན་དང་གཟུགས་མེད་ཀྱི་འགྲོ་བའི་རིས་ཕྱོགས་སྐྱོང་དང་འབྱུང་པོ་བགེགས་ཀྱི་ཚོགས་ཅི་རིགས་ཀྱི་གནས་བཅས་ཡོད་པ་ཡིན་ལ།  དེ་དག་ལ་ཆ་གསུམ་ཆོ་ག་རྒྱས་པར་མཛད་དེ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་གྱིས་ཞི་དྲག་ཕྱེད་མའི་སྒོ་ནས་གཏོར་མས་ལམ་བརྔན་ཏིང་ལོའི་ལམ་སྒྲོན་ཆང་བུའི་ལམ་རྒྱག་གི་ཚུལ་དུ་གནོད་བྱེད་གདུག་པ་ཅན་འགའ་ཞིག་ནི་ཕྱིར་སྤྲད་དེ་ས་སྦྱངས་བར་མཛད་པའི་ལས་མཛད་པ་ཡིན། དེའང་ས་སྦྱངས་བ་ཙམ་གྱི་མི་འགྲུབ་པས་དུར་ཁྲོད་དེའི་དུར་རྡོའི་འོག་ཚེ་འདས་རྣམས་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་བྱང་ཞིང་དུར་ས་དེ་ཉིད་འཇོག་པ་ཙམ་གྱིས་ཐར་པའི་ས་བོན་ཐེབས་པའི་ཕྱིར་ཐུགས་རྗེ་ཆེན་པོ་གཙོ་བོར་བྱས་པའི་ཡི་དམ་གང་རུང་གི་དཀྱིལ་འཁོར་བཞེངས་ནས་བསྒྲུབས་པའི་ཆོ་གས་བྱིན་རློབས་མཛད་ཡོད་པ་ཡིན་ལ།  དེ་ལྟ་བུའི་དུར་ཁྲོད་དུ་རྡོ་གཡུག་པ་ལྟར་མ་ཡིན་པར་གནས་དེར་བྱིན་རློབས་ཁྱད་པར་ཅན་དང་ལྡན་པའི་དགོས་པ་ཡོད་ལ།   དེའང་ཐོག་མར་ཚེ་འདས་དེའི་ཕུང་པོ་དུར་ཁྲོད་དུ་མ་བསྐྱལ་བའི་སྔོན་ལ།   སྡེ་བརྒྱད་དྲེགས་པ་ཅན་རྣམས་ཀོ་ལོང་དང་ཕྲག་དོག་སོགས་ཞི་བའི་ཕྱིར་བསང་དང་གསེར་སྐྱེམས་ཀྱིས་མཆོད་བསྟོད་བསྙེན་བཀུར་བྱེད་པའི་སྲོལ་ཡོད་ལ། དེ་ནས་སྒོ་རྩ་རུ་ཆུ་ཟོམ་གང་གི་ཁར་ཤིང་ལེབ་ཀྱི་ཟམ་པ་ཞིག་བཙུགས་པ་ལ། ཟམ་དཀྱིལ་དུ་དཔེ་ཆ་པོ་ཏི་ཞིག་དང་ལྷ་འདྲེ་རྣམས་མགོ་སྐོར་བའི་ཐབས་སུ། སྲིད་པའི་འཁོར་ཆས་མཚོན་པའི་དངོས་པོའི་རིགས་མང་པོ་དཔྱངས་པའི་མཆོར་གདུགས་ཞེས་དབྱུག་པ་ཞིག་ལ་བཏགས་པའི་སྲོལ་ཡོད་པ་དང་།   དེ་ནས་སྐྱེས་བུ་རོ་ལས་མཁན་ཞིག་ལ་གླ་བརྔན་བྱིན་ཏེ་རོགས་བཀུག་ནས་རོ་ལས་མཁན་དེས་ཁུར་བདེའི་ཆེད་དུ་རོའི་ལག་པ་གཉིས་མདུན་ཐད་བསྡམ།   རྐང་རྟིང་གཉིས་སྒྱིད་ཁུག་དང་པུས་མོ་བྲང་ཐད་བཀུག་པའི་ཐག་སྣེ་གཉའ་བར་དཀྲིས་ཏེ་མདུན་ཐད་མལ་ནེ་བྲང་དང་སྦྱར་ནས་དམ་པོར་བསྡམ། དེ་ནས་རོ་དང་རྒྱབ་སྤྲད་དེ་ཁུར་ཞིང་ཁྱིམ་དེའི་བཟའ་མའི་རྣམས་དང་གཤེད་བཟའ་སྟེ་ལོ་ཟླ་ཞག་གཤེད་གདོང་ཐུག་པ་བརྩིས་ཀྱི་སྲོལ་ལ་བརྟེན་ནས་ཤི་གསོན་གཉིས་ཆུ་ཟོམ་གྱི་ཟམ་པ་དེ་ལ་གཡས་སྐོར་དང་གཡོན་གཟུར་གྱི་ལན་གསུམ་བསྐོར་བའི་མཐར་སོ་སོའི་ལམ་དུ་འགྲོ་བར་ཤི་གསོན་གྱེས་བྲལ་གྱི་རྩིས་བཅོས་བྱེད་པའི་སྲོལ་ཡོད།   དེ་ནས་གནའ་བོའི་ཕུང་པོ་དུར་འདེབས་བྱེད་པ་ལ་མི་གཅིག་གིས་རོ་རྒྱབ་ཏུ་ཁུར་བའི་སྔོན་དུ་མི་གཞན་ཞིག་གིས་སྤར་སྨེ་དང་རུས་སྦལ་སོགས་ཤོག་བུའམ་རས་སོགས་ལ་པར་བཏབ་པའི་སྲིད་པ་ཧོ་ཞེས་པ་ཞིག་དབྱུག་པའི་རྩེར་བཏགས་ནས་སྔོན་དུ་གསེར་སྐྱེམས་འདོན་ཞོར་ཡོས་བཀྲ་དཀར་ནག་མཆོད་ཅིང་ཁུར་འགྲོ་བ་ནི་ཡུལ་ལྷ་གཞི་བདག་སོགས་ཀྱིས་བར་ཆད་ཞི་བའི་ཐབས་ཡིན་པར་བཤད་དོ།།   གཞན་ཡང་རོ་དེ་དབྱུག་པ་ལ་བཏགས་ནས་མི་གཉིས་སྔོན་རྗེས་བྱེད་ནས་ཁུར་འགྲོ་བ་དང་།  རྟ་ནོར་སོགས་ཀྱི་རྒྱབ་ལ་བཀལ་འགྲོ་བ་སོགས་ཆ་རྐྱེན་བཟང་ངན་དང་དུར་ས་ཐག་རིང་ཐུང་སོགས་ཀྱི་ཁྱད་པར་ཅི་རིགས་ཡོད།   དེ་ནས་དུར་ཁྲོད་དུ་སླེབ་འཕྲལ་གཅོད་པ་ཞིག་གདན་འདྲེན་ཞུས་ནས་ཕུང་པོའི་ཤ་ཁྲག་རུས་གསུམ་ལྷ་འདྲེ་རྣམས་ལ་ལུས་སྦྱིན་ལྟར་མཆོད་སྦྱིན་བྱས་པ་དང་།  དེ་ནས་ས་དུར་ཡིན་ན་ས་དོང་བྲུས་ནས་ཕུང་པོ་ཁ་སྦུབ་ཏུ་ཤིང་སྒམ་དང་རྡོ་སྒམ་སོགས་སྤྲད་དེ་ནང་དུ་འཇོག་ནས་དེ་དང་ལྷན་དུ་བུམ་གཏེར་དང་རིན་པོ་ཆེའི་རིགས་སོགས་འཇོག་ནས་ས་འོག་ཏུ་སྦས་པ་དང་། ཕལ་ཆེར་ཤིང་སྒམ་མེད་པར་ཅེར་བུ་ས་དོང་བྲུས་ནས་མནན་པའི་སྲོལ་ཡང་ཡོད་པ་ཡིན།  ཕུང་པོ་སྦས་པའི་མདུན་རྡོ་བརྐོས་ཀྱི་མ་ཎི་དང་སྡིག་བཤགས་ཀྱི་ཇོ་དར་སོགས་སྒྲོན་པའི་སྲོལ་ཡོད། འདི་ནི་སྔོན་གྱི་སྤུ་རྒྱལ་རིམ་བྱུང་རྣམས་ཀྱི་སྐབས་སུ་བྱུང་བའི་ལུགས་སྲོལ་མ་ཉམས་པར་བརྒྱུད་འཛིན་བྱས་པ་ཡིན་ལ།  དེང་དུས་ཀྱང་སྔོན་གྱི་རྒྱ་དཀར་ནག་དང་བོད་ཀྱི་ལོ་རྒྱུས་རྣམས་སུ་ཡོད་པའི་བང་སོ་ད་དུང་ཡང་མཐོང་རྒྱུ་ཡོད་པ་ཞིག་ཡིན། བྱ་དུར་ཡིན་ན་ཐོག་མར་དུར་ཁྲོད་དུ་སླེབས་ནས་ཕུང་པོ་དེའི་མགོ་རོ་གོས་ཀྱིས་བཏུམས་ནས་སྐ་རགས་དང་ཐག་པ་སོགས་ཀྱིས་སྐེ་དུར་རྡོ་ལ་བཏགས་ཏེ།  སྒལ་གཞུང་ཕན་ཚུན་དང་རྐང་ལག་གི་མཐིལ་བཞི་སོགས་ཤ་རྫོབ་ཆེ་སར་གྲི་རིས་ཀྱི་རེའུ་མིག་ལྟར་གཤགས་ཏེ་དེ་ནས་བྱ་ལ་གཟན་པར་བྱ་བ་ཡིན།  དེ་ནས་བྱ་མང་ན་སྐད་ཅིག་ཉིད་ལ་རུས་གོང་དཀར་སེང་དུ་ཕུད་འགྲོ་བ་ཡིན་ལ།  དེས་འཕྲལ་བྱ་ཕྱིར་དཀྲོགས་ནས་རུས་པ་རྣམས་དུར་རྡོའི་སྟེང་ཞིབ་མོར་རྡུང་བ་དང་རྩམ་པ་དང་སྲེས་ནས་ཟན་དྲོན་བྱ་ལ་བྱིན་པ་དང་།  རྗེས་ནས་མགོ་བོ་བཏུམས་པ་དེ་དཀྲོལ་ཏེ་མགོ་རུས་དང་ཀླད་ཆེན་གཉིས་མཉམ་དུ་རྡུང་ནས་བྱ་རྣམས་ཚིམས་པར་གཙང་དག་ཏུ་སྦྱིན་པ་ཡིན་ནོ།།  དེ་ནི་ཤ་ཁྲག་གི་ཕུང་པོ་དོན་མེད་དུ་མི་འགྲོ་བའི་ཆེད་བྱ་དགེ་ཡང་ཡིན་པར་བཤད་དོ།།  མེ་དུར་ནི་གནའ་བོའི་ལུགས་སྲོལ་ལྟར་ན་མང་ཆེ་བར་ཆོས་ལུགས་ཀྱི་རིག་གནས་དང་འབྲེལ་བའི་སྲོལ་བརྒྱུད་འཛིན་བྱས་པ་ཞིག་ཡིན་ལ།   དེ་ཡང་ནང་ཆོས་ཀྱི་མེ་དུར་སྲོལ་དེ་གོང་ལྟར་ཐོག་མར་ཕུང་པོ་གང་དུ་བསྲེག་པའི་གནས་དེར་ལས་བཞིའི་རོ་བསྲེག་གི་ཆོ་ག་སྤེལ་བའི་ཆེད། ས་ཆོག་མཛད་པ་དང་། དེ་ནས་ས་གཞི་བྱི་དོར་བྱས་ཏེ་ཆ་རྐྱེན་ཡོད་ན་ཞི་རྒྱས་དབང་དྲག་སོགས་ཕྱོགས་བཞིར་ལས་བཞིའི་རོ་བསྲེག་གི་ཐིག་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དང་།   དེ་ཡང་གྲིར་ཤི་ལྟ་བུ་ཡིན་ན་དྲག་པོའི་རོ་བསྲེག་དཀྱིལ་འཁོར་གྱི་སྟེང་དུ་ཕུང་པོ་མེ་མཆོད་བྱེད་པ་དང་།  རླུང་མཁྲིས་བད་ཀན་སོགས་རྒྱུན་ལྡན་ནད་ཀྱིས་འཆི་བ་ཡིན་ན་ཞི་བའི་དཀྱིལ་འཁོར་གྱི་ནང་དུ་བསྲེག་པ།  དཔོན་ཆེན་དང་རྒྱལ་པོ་ལྟ་བུ་ཤི་སོང་བ་ཡིན་ན་དབང་གི་དཀྱིལ་འཁོར་དུ་བསྲེག་པ།  ཚང་དཔོན་དང་འབྱོར་ལྡན་ལྟ་བུ་འཆི་སོང་བ་ཡིན་ན་རྒྱས་པའི་དཀྱིལ་འཁོར་དུ་བསྲེག་པའི་སྲོལ་ཡོད་པ་ཡིན།   ཆ་རྐྱེན་ཅུང་ཞན་པ་ཡིན་ན་གོང་ལྟར་དཀྱིལ་འཁོར་གང་རུང་གཅིག་གི་ཞུགས་སུ་ཕུལ་བས་ཀྱང་འཐུས་པ་ལགས་པས།  དཀྱིལ་འཁོར་བཞི་ལ་རྣམ་པའི་སྒོ་ནས་དབྱིབ་དང་ཁ་དོག་རྫས་སྔགས་ཕྱག་མཚན་ཏིང་ངེ་འཛིན་སོགས་ཀྱི་ཁྱད་པར་ཡོད་ལ།  ངོ་བོའི་སྒོ་ནས་ཡེ་ཤེས་གཅིག་གི་རྣམ་རོལ་ལས་ཐུགས་རྗེའི་དང་ཕྲིན་ལས་གདུལ་བྱའི་བློ་དང་མཚམ་པར་འཇུག་པའི་ཁྱད་པར་སོགས་ཡོད་པར་ཡིན།   དེ་ལྟར་སྐྱ་སེར་ཕོ་མོ་འདྲ་ཡིན་ན་རོ་བསྲེགས་ཀྱི་ཆོ་གའི་སྒོ་ནས་ཞུགས་འབུལ་གྱི་ཐལ་བ་དང་རུས་པ་རྣམས་ཞིབ་མོར་འདུལ་ནས་ཆུ་ལ་གཤེར་བའི་སྲོལ་ཡོད།  ཡང་འགའ་ཞིག་གི་རུས་སྦྱངས་ཀྱི་ཆོ་གའི་བསྙེན་བསྒྲུབ་བྱས་པ་དང་།  ཚ་ཚ་བཏབ་པ་སོགས་བྱས་ནས་ཚ་བསྒྲུབ་ཀྱི་བསྙེན་ཚད་ལངས་བ་བཅས་བྱེད་སྲོལ་ཡོད།  བླ་སྤྲུལ་མཁན་གསུམ་སོགས་ཡོན་ཏན་གྱི་ཁྱད་པར་ལས་གདུང་ཐལ་དང་གདུང་རུས་རྣམས་ཀྱིས་ཚ་ཚ་བཏབ་ནས་མཆོད་རྟེན་བཞེངས་པའི་སྲོལ་ཡང་ཡོད།   ཡང་འགའ་ཞིག་ནི་ཆོས་ལུགས་དང་འབྲེལ་བ་གཏན་ནས་མེད་པར་ཕུང་པོ་མེ་ལ་བསྲེག་པའི་སྲོལ་ཡོད་པ་དེ་ནི་ཡུལ་ཕྱོགས་དང་ལུང་པ་སོ་སོའི་ཕ་མེས་ཀྱི་ལུགས་སྲོལ་ལག་བསྟར་དང་རྒྱུན་འཁྱོངས་བྱས་པ་ཞིག་ཡིན།  དེ་ནས་ཆུ་དུར་ནི་གཙང་པོ་ཆེན་པོའི་གནའ་བོའི་དུར་ས་བཏབ་པའི་ག་ལ་བ་དེར་ཕུང་པོ་སྐྱལ་ནས་སྐྱེས་བུ་རོ་ལས་མཁན་དེ་ལ་ཐོག་མར་ཆང་རག་ཞིམ་ཐག་ཆོད་ཞིག་དྲངས་བ་དང་། དེ་འཕྲལ་གྲི་དང་སྟ་རེ་རྣོ་ངར་ཅན་ཞིག་ལག་ཆ་སྤྲོད་པར་རྒྱུད་རོ་ལས་མཁན་དེས་དང་པོ་ཕུང་པོ་དེའི་མགོ་སྐེ་ནས་ཕྲལ་ཏེ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་ལ་མཆོད་ཅེས་མགོ་རུས་ལག་ཚད་ཙམ་དུམ་བུ་བཏང་ནས་ཆུ་ལ་བསྐུར་བ་དང་།   དེ་ནས་གཡས་སྐོར་གྱིས་ཚུལ་དུ་ལག་གཡོན་ཕྲག་རྩ་ནས་དྲངས་ཏེ་སྔོན་ལྟར་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་ལ་མཆོད་པ་དང་།  ལག་ཚིག་སྟོད་སྨད་ལྷུར་ཕྲལ་ནས་ཆུ་ལ་སྐྱུར་བ་དང་།  དེ་ནས་རྐང་གཡོན་ཚང་རའི་སུམ་མདོ་ནས་དྲངས་སྟེ་ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་ལ་མཆོད་ཅེས་པུས་མོ་དང་རྒྱ་ཚིག་མཚམས་ནས་དུམ་བུར་གཉིས་གསུམ་བྱས་ཏེ་ཆུ་ལ་གཡུག་པ་དང་།  དེ་ནས་རྐང་གཡས་ཚང་རའི་སུམ་མདོ་ནས་སྔོན་ལྟར་དྲངས་ནས་ནུབ་ཕྱོགས་པདྨ་མཁའ་འགྲོ་ལ་མཆོད་དེ་སྔོན་ལྟར་དུམ་བུར་བཏང་ནས་ཆུ་ལ་སྐུར་བ་དང་།  དེ་ནས་ལག་གཡས་ཕྲག་གོང་ནས་དྲངས་ཏེ་བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་འཁོར་བཅས་ལ་མཆོད་དེ་སྔོན་ལྟར་དུམ་བུར་བཏང་ནས་ཆུ་ལ་བསྐུར་བ་བྱས།  དེ་ནས་ལྟོ་བར་ནས་གྲི་དྲངས་ཏེ་ནང་ཁྲོལ་དོན་ལྔ་སྣོད་དྲུག་བཅས་ཕྱིར་ཕྱུང་བ་དང་།  དོན་ལྔ་སྣོད་དྲུག་སོ་སོར་ཕྲལ་ནས་ཤ་ཟ་མ་མོ་མཁའ་འགྲོའི་ཚོགས་དང་བཅས་པ་ལ་མཆོད་ཅེས་རེ་རེ་བཞིན་ཆུ་ལ་བསྐུར་བ་དང་།  དེ་ནས་སྒལ་ཚིག་ཕན་ཚུན་ཕྱེད་བགོས་ཀྱི་སྡེབ་གཉིས་བྱས་ཏེ་ལག་མགོའི་ཚད་ཙམ་ཤ་རུས་འབྱར་མ་ཆུ་ལ་སྐུར་ནས་གཙང་དག་བྱས་པའི་སྲོལ་ཡོད།   ཆུ་དུར་འདིའི་ཆུ་གནས་རྣམས་ལ་ལན་ཆགས་ཀྱི་བུ་ལོན་ཤ་ཁྲག་གིས་འཇལ་བའི་དགོས་པ་དང་ཕན་ཡོན་ཁྱད་པར་ཅན་ཡོད་ཅེས་བཤད་སྲོལ་འདུག   ཤིང་དུར་ནི་སྔོན་འགྲོ་སྔ་ལྟར་མོ་རྩིས་ཀྱི་གཏན་འབེབ་བྱས་པ་ལྟར་ཁ་ཕྱོགས་གཙང་ལ་གཏད་ཧ་ཁྱི་ལ་གཟུར་བ་སོགས་གོང་དང་འདྲ།   དུར་ས་ནི་ནགས་ཚལ་དང་ལྗོན་ཤིང་ཆེན་པོ་སོགས་ལ་བརྟེན་པའི་སྲོལ་བྱུང་བ་ཞིག་ཡིན།  འདིའི་ལུགས་སུ་ཕུང་པོ་ཤིང་སྒམ་དང་ཟོ་ལག་སོགས་སྣོད་སྤྱད་དུ་བཅུག་ནས་འཇོག་སྟེ་ནགས་གསེབ་ཤིང་སྡོང་དང་ཡལ་ག་སོགས་ལ་བཏགས་ནས་དཔྱངས་ཡོད་པར་བཤད།   དེང་དུས་དཀར་མཛེས་ཁུལ་དཔལ་ཡུལ་ས་ངན་ལུང་པ་སོགས་ལ་ད་ལྟ་ཡང་སྲོལ་འདི་བརྒྱུད་འཛིན་བྱེད་བཞིན་ཡོད་པར་གྲགས།  ལུགས་སྲོལ་འདི་ནི་ཕུང་པོ་རུལ་དུ་སོང་བར་འབུས་གཞིབ་པའི་འབུ་དགེ་རུ་འགྱུར་བའི་དགོས་པ་དང་རྒྱུ་མཚན་ཡོད་པར་བཤད་དོ།།   གནའ་བོའི་ལུགས་སུ་མང་ཆེ་བས་སྤར་ཁ་རྩུབ་པ་དང་གནམ་ས་སྒོ་ཐུག་ཚེ། ལོ་ཕྱི་མའི་བར་ཕུང་པོ་ཕྱིར་མི་འབུད་པར་ཁང་པའི་གྱང་དང་སྒམ་སོགས་སུ་བྱེ་མའམ་ཕུར་མ་སོགས་ཀྱིས་བཅད་ནས་འཇོག་པའི་སྲོལ་ཡང་ཡོད་པར་ཡིན།   རོ་ལས་བྱེད་མི་རྣམས་དང་པོ་རང་གི་ཁྱིམ་དུ་འགྲོ་མི་རུང་བ་བཞེད་དེ་དུད་ཚང་དེའི་ཁྱིམ་དུ་ཡོང་དགོས་པར་བཤད་ལ། དུད་ཚད་དེའི་སྒོ་རྩར་སླེབ་འཕྲལ་བླ་མ་ཞིག་གིས་ཁྲུས་གསོལ་བྱེད་དགོས་པ་དང་། དེ་ནས་རོ་ལས་བྱེད་པའི་རོགས་དང་བཅས་པས་ལག་པ་འཁྲུད་པ་སོགས་བྱེད་པའི་སྲོལ་ཡོད། ཞལ་བྱུང་ཆུང་སྲི་ཇི་ལྟར་འཇོག་པའི་སྐོར་གྱི་སྲོལ་ཅུང་ཟད་ཞུས་ན།   བཙས་མ་ཐག་དང་ལོ་ཚད་གཉིས་གསུམ་ལོན་པའི་བྱིས་པ་ཆུང་ངུ་འཆི་བའི་ཚེ་ཆུ་ཁར་དུར་ས་འདེབས་པ་ནི། ཟོམ་དང་ཟོ་ལག་སྒམ་ཆུང་སོགས་སྣོད་སྤྱད་དག་ཏུ་འཇོག་ཅིང་ཆུ་འགྲམ་ལྡེའུ་འབུམ་ལྟར་རྡོ་བརྩིགས་བྱས་ནས་དེའི་ཉེ་འཁོར་ཇོ་དར་བཙུགས་ཡོད་པ་སོགས་ད་ལྟ་ཡང་མཐོང་རྒྱུ་ཡོད།  དེ་ནས་རིམ་བཞིན་དབྱར་ཆུ་འབྲུག་ནས་ཆུས་ཁྱེར་བ་དང་ས་རྡོ་བྱེ་མ་རྣམས་ཀྱི་འོག་ཏུ་ཚུད་ནས་མནན་ཏེ་མཐོང་ཐོས་སོགས་ཅི་ཆ་མེད་པར་གྱུར་འགྲ་བ་ཡིན། ད་དུང་ས་ཁུག་ལུང་ཀྱོག་འགའ་ཞིག་ཏུ་ཐབ་ཀའི་རྒྱབ་ངོས་དང་གྱང་གི་སྟག་མགོར་སྒམ་ཆུང་ཟོ་ལག་སོགས་སུ་བཅུག་ནས་འཇོག་ཡོད་པར་བཤད་དོ།།  དེ་ལྟ་བུའི་དུར་འདེབས་བྱེད་ལུགས་གནའ་བོའི་དམངས་སྲོལ་རིག་གནས་གཙོ་བོར་བྱས་ཏེ་ཆོས་ལུགས་རིག་གནས་དང་འབྲེལ་བའི་ལོ་རྒྱུས་མཐོང་ཐོས་སུ་གྱུར་པ་རྣམས་རང་བློའི་གང་དཔོགས་སུ་ཕྱོགས་གཅིག་རུ་སྡེབ་ནས་བྲིས་པ་ལགས་སོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1