༄༅། །ཆུ་ཁོལ་གྱི་ཕན་ནུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-08


     རང་རེའི་ཞིང་འབྲོག་ཁུལ་དུ་ཆུ་ཁོལ་བཏུང་བའི་སྲོལ་དེ་ཙམ་མེད་པར་མ་ཟད་ཕྱེ་སྐྱ་ཆུ་ནག་ཅེས་བརྗོད་ནས། རྩམ་རྐྱང་དང་ཆུ་ཁོལ་གཉིས་ནི་ནད་པའི་ཟས་སྐོམ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག འདི་ནི་ཕལ་ཆེར་ཆུ་ཁོལ་གྱི་དགེ་མཚན་མ་ཤེས་པས་ཡིན་གྱི་རེད། དེ་ཕྱིར་ཆུ་ཁོལ་བཏུང་བའི་ཕན་ཡོན་མདོར་ཙམ་ཞིག་གོ་བདེ་པོའི་ངང་ནས་འབུལ་འདོད།

    ༡ སྤྱིར་ཆུ་ལ་ཡག་སྡུག་གི་དབྱེ་བ་མང་ཡང་ཆུ་གང་དེ་ཐོན་སའམ་འབབ་སའི་ས་ཕྱོགས་གཙང་ཞིང་ཉི་འོད་དང་རླུང་བསེར་བུའི་རེག་བྱ་ཕོག་པའི་ཆ་དེ་བཟང་ཞིང་དེ་ལས་ལྡོག་པའི་ཆུ་དེ་ཞན་ནོ། །

    ༢ ལྦུ་བ་མ་སངས་བར་དུ་ལེགས་པར་བསྐོལ་པའི་ཆུ་དེ་རྒྱུན་དུ་མང་ཙམ་བཏུང་ན་ཕོ་བའི་མེ་དྲོད་སྐྱེད་ཅིང་ཁ་ཟས་འཇུ་བའི་གྲོགས་བྱེད། སྐྱིགས་བུ་སེལ་ཞིང་བད་ཀན་གྱི་ནད་ལ་ཕན། གྲང་བའི་ཕོ་བ་སྦོས་པ་ཞི་ཐུབ། ཆམ་པ་སོགས་རིམས་གསར་གྱི་ནད་རྣམས་འཕྲལ་དུ་སེལ་ཞིང་རྒྱུ་ལམ་གྱི་འགོ་ནད་མི་ཕོག་པའི་སྔོན་འགོག་གི་ནུས་པ་ཡོད། ད་དུང་པགས་པའི་སྤུས་ཀ་དང་འོད་མདངས་ཇེ་ཡག་ཏུ་འགྲོ་བའི་ནུས་པ་ལྡན་ཡོད།

      ༣ བསྐོལ་ནས་གྲང་དུ་བཅུག་པའི་ཆུ་དེ་བཏུང་ན་བད་ཀན་གྱི་ནད་མི་སྐྱེད་ཅིང་མཁྲིས་པའི་ནད་སེལ། འོན་ཀྱང་ཞག་གཅིག་ལོན་ན་རྩ་བ་ནས་སྤྱོད་མི་རུང་། ཆུ་དེ་གྲང་རྗེས་སླར་ཡང་བསྐོལ་ནས་བཏུང་ན་ལུས་ལ་མི་འཕྲོད་པར་མ་ཟད་གནོད་པ་ཡོད།

      ༤ ཟས་ཟོས་པའི་རྗེས་སུ་ཆུ་ཁོལ་བཏུང་ན་ཟས་སྐོམ་གཉིས་འདྲེས་ནས་ཟས་ཀྱི་རྡོག་པོ་དག་བཤིག་ཅིང་མྱག་ནས་བདེ་བླག་ངང་འཇུ་བ་དང་ལུས་བརྟས་ཤིང་སྟོབས་འཕེལ་བར་བྱེད། འོན་ཀྱང་ཆམ་ནད་དང་།   ནམ་ཚོང་ཡན་ཆད་ཀྱི་ནད་ཡོད་པ་དག་གིས་ཟོས་རྗེས་སུ་བཏུང་ན་གནོད་ཅིང་མི་འཕྲོད། ཁ་ཟས་གང་ཟོས་པ་དེའི་སྔོན་དུ་ཆུ་ཁོལ་བཏུང་ན་ལུས་ཤ་སྐེམ་པོར་འགྱུར་བ་དང་། ཁ་ཟས་དང་སྦྲག་ནས་བཏུང་ན་སྐེམ་སྦོམ་གང་ཡང་མ་ཡིན་པ་ལུས་ཤ་རན་པར་འགྱུར་བ་དང། ཐ་མར་བཏུང་ན་སྦོམ་པོར་ཆགས་པས་སོ་སོའི་ལུས་དང་འཚམས་པའི་སྒོ་ནས་སྤྱོད་རྒྱུ་གལ་ཆེའོ། ། སྐོམ་རིགས་གཞན་རྣམས་འདི་དང་རིགས་སྒྲེ་ནས་ཤེས་པར་བྱའོ། །

   མཆན། ནམ་ཚོང་ནི་གསོ་རིག་རང་གི་ཐ་སྙད་ཅིག་རེད།    མི་དང་སྲོག་ཆགས་ཀྱི་སྙིང་དང་གློ་བ་ཡོད་སའི་ཁོག་པའི་སྟོད་ཀྱི་མིང་། མདོར་ན་བྲང་མགོ་ཡན་ཆད་ལ་གོ་བ་དང་། སྐད་འགག་པ་དང་ལུད་པ་འཕེལ་བའི་ནད་སོགས་བྲང་མགོ་ཡན་ཆད་ལ་ནད་ཡོད་པའི་མི་ལ་གནོད་ཅེས་པའི་དོན་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1