༄༅།།འབྲུག་མོས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 03-20


གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   གླུ་རེ་རེ་མི་ལེན་ཀ་མེད་རེད། །

   རེ་རེ་མ་བླངས་ཚོད་ཡོད་རེད། །

   སྐྱིད་ན་ཇ་ཆང་མཚར་གླུ་རེད། །

   སྡུག་ན་རང་སེམས་སྐྱོ་གྲོགས་རེད། །

   ས་འདིའི་ས་ངོ་མ་ཤེས་ན། །

   དུག་ཐང་སྐྱ་མོའི་ཡ་མཐའ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   སྐྱ་ལོ་སྟོན་པའི་ཕ་ས་ནས། །

   བསོད་ཟད་སེང་ལྕམ་འབྲུག་མོ་ཡིན། །

   མེ་ཏོག་གོང་མ་ལྷ་ནས་ཕོག །

   བཀོད་ཐང་འབུམ་པའི་གླིང་ལ་བབས། །

   ཆོས་བྱ་བ་དབུ་ནག་གཞུང་ཤིང་བསམས། །

   དེ་སྟེ་ན་ནིང་གནམ་ལོ་ཚུན། །

   ཧོར་སེར་དཔོན་པོ་གུར་དཀར་འདིས། །

   འབུམ་དམག་དུག་མཚོ་གླིང་ལ་ཕབ། །

   སྡོད་བསམ་རྐང་པའི་གོམ་ཆུང་འཁྲུལ། །

   འགྲོ་བསམ་གོས་མཐའ་ཕུར་པ་བཏབ། །

   གླེང་བསམ་ལྕེ་སྣེ་དིག་གིས་མནན། །

   ལྟ་བསམ་ཁྲ་ཆུང་ལིང་གིས་སྒྲིབ། །

   ཤི་གསོའི་སྨན་ལ་ཞེ་སྙེག་འདི། །

   བཙན་དུག་ཁོང་བའི་སྲོག་ལེན་རེད། །

   འབྲུག་མོའི་ལས་ཀྱི་རི་མོ་འདི། །

   བྱ་སྒྲོ་རླུང་གིས་གར་བསྐྱོད་རེད། །

   ད་དུང་བསམ་པའི་གཞི་དཀྱིལ་ན། །

   གུར་དཀར་སྟག་ཞུ་རྒྱལ་པོ་ལ། །

   མདུན་གྱི་དཔྲལ་བ་གཏོད་པ་ལས། །

   འཆི་བདག་དམྱལ་བའི་དཔོན་པོ་ལ། །

   སྐྱིས་སྡུག་མཉམ་ཁུར་བྱས་ན་དགའ། །

   ཆུ་ཕ་རི་ལམ་གཞུང་སྐྱ་མོ་ན། །

   ཁྲི་དཔོན་རྒྱ་ཚ་དབུ་བཞུགས་པའི། །

   དཔའ་བརྟུལ་ལྷ་དམག་ཚུར་ལ་གསོན། །

   མ་རྒྱུག་བྱང་མའི་རྟ་ཁ་འཐེན། །

   མ་འབྱོན་གསེར་སྒའི་གོང་བ་གནོན། །

   གསོན་དང་ཞུ་རྒྱུ་འགའ་རེ་གདའ། །

   ལྟོས་དང་ལྟད་མོ་འདི་འདྲ་གདའ། །

   འབྲུག་མོའི་མདུན་གྱི་ཟངས་སྒྲོམ་འདི། །

   ཧོར་རྒྱལ་ཆེན་བཞི་བཅུ་ཞེ་དགུ་པོའི། །

   བླ་གནས་ཁམས་གསུམ་གྲོང་འཇོམས་རེད། །

   ཐེའུ་རང་དཀར་པོའི་སྐུ་མཁར་རེད། །

   ལྕགས་ཕུར་བྱིས་པ་ལོ་བརྒྱད་ཙམ། །

   མེ་སྟག་ཁྲོམ་ཁྲོམ་ཡོད་དོ་ཟེར། །

   ཧོར་སྡེ་དམར་ནག་བཅུ་གཉིས་འདིས། །

   མཆོད་ན་ཟས་ཕུད་ཕུལ་ས་རེད། །

   གླེང་ན་སྐྱབས་འགྲོ་ཞུ་ས་རེད། །

   དངོས་མེད་མགོ་མ་བླ་ལྕགས་རེད། །

   དངོས་ཡོད་རྟིང་མ་གུར་དཀར་རེད། །

   མདའ་གཅིག་གིས་སྔོན་ནས་གཏོར་ན་བསམས། །

   འབེན་བཞག་སེར་མོའི་ལག་གིས་བླངས། །

   ཁྲི་དཔོན་ཞལ་ལུ་དཀར་པོ་ལ། །

   འགྲན་མེད་སེང་ཆེན་རྒྱལ་པོ་ཡིས། །

   ཕྱག་མདའ་འཕུར་ཤེས་ཐོག་གི་ལྕེ། །

   དོང་བའི་ཁ་སྲུང་གནང་ནས་ཡོད། །

   དེ་མ་འཕེན་དགོས་པའི་དུས་གཅིག་གདའ། །

   དེ་མིན་སུ་རྩེབ་གང་རྩེབ་གྱིས། །

   མདའ་ཉག་ཕྲན་ཁ་ལོ་བསྒྱུར་ནས་ཐོངས། །

   མ་གཟུར་འབེན་ལ་མདའ་མོ་ཕོངས། །

   མ་གཡེལ་རྟེན་ལ་ཉག་ཕྲན་མངོགས། །

   དེ་སྔ་གླིང་རུའི་མདའ་འཕེན་དེ། །

   མང་ན་སྡིག་པའི་ཁ་སྣོན་རེད། །

   ཉུང་ན་ཕན་མེད་གནོད་མེད་རེད། །

   ད་རེས་མདའ་འཕེན་མདེའུ་སྡེ་ཡིས། །

   ལྕགས་ནག་ས་ལ་བརྡབ་ཐུབ་ན། །

   འབུམ་དམག་ཆུ་ལ་བསྒྱུར་ནས་ལྷག །

   རྟེན་འབྲེལ་དཀར་པོའི་དཔྱད་གཞི་ལ། །

   དེ་རིང་ཡོད་ན་དཔའ་བརྟུལ་རེད། །

   དེ་མིན་སྟོང་གཏམ་ནག་པོ་ཡིན། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   དགུང་ནས་ཤར་བའི་ཉི་མ་དེ། །

   མུན་པའི་གླིང་ལ་མ་གཟུར་དགོས། །

   འཇིག་རྟེན་ས་ཆུ་བསྲོས་ནས་ཤོག །

   མུན་ལ་གཟུར་ན་ཉི་མ་མིན། །

   ནམ་གུང་བཅོ་ལྔའི་ཟླ་བ་དེ། །

   སྤྲིན་ནག་འགྲོས་ལ་མ་གཟུར་དགོས། །

   ཁམས་གསུམ་མཚན་མོ་བཅོམ་ནས་ཤོག །

   སྤྲིན་ལ་བཟུར་ན་ཟླ་བ་མིན། །

   དགུང་ནས་འབབ་པའི་ཐོག་ལྕེ་དེ། །

   བར་སྣང་སྟོང་ལ་མ་གཟུར་དགོས། །

   དགྲ་འདྲེ་འབྱུང་པོ་བཅོམ་ནས་ཤོག །

   སྟོང་ལ་བཟུར་ན་གནམ་ལྕགས་མིན། །

   གླིང་ཕྲུག་དཔུང་པའི་མདའ་འཕེན་དེ། །

   གཟས་པའི་འབེན་ལ་མ་གཟུར་དགོས། །

   ལྕགས་ནག་ཐལ་ཕུང་བཟོས་ནས་ཤོག །

   འབེན་ལ་བཟུར་ནས་སྐྱེན་པོ་མིན། །

   དེ་ནས་གླིང་གི་རྒྱལ་བློན་རྣམས། །

   མྱུར་མྱུར་བྱོན་ན་དགོས་པ་ཆུང་། །

   དལ་དལ་དཔུང་སྡེབས་བྱས་ན་དགའ། །

   མགྱོགས་མགྱོགས་འདོ་བ་ཁེར་རྒྱུག་ལས། །

   མང་མང་སྐྱ་མགོ་གཤིབ་ན་སྐྱིད། །

   དེ་ཚོ་ཐུགས་ཀྱི་ཟུར་ལ་ཞོག །

   མ་རྒྱུད་མཁའ་འགྲོ་སྡེ་ལྔ་རྣམས། །

   སེང་ལྕམ་འབྲུག་མོས་འབེན་བཞག་ལ། །

   གླིང་དཀར་མདའ་སྣེ་ཁྲིད་ལ་ཤོག །

   མེ་ལྕེ་འབར་ཞིང་འུར་ལྡིར་གཡོས། །

   དུ་རླུང་འཚུབ་ཅིང་འུར་སྒྲ་སྒྲོགས། །

   མདེལ་སྣེ་དམག་གི་རྒྱལ་མོས་དྲོངས། །

   སྨྱུག་སྐེད་གནོན་སྦྱིན་དམར་པོས་འཚོས། །

   ལྟོང་པ་སྲིད་པའི་རྒྱལ་མོས་སྲུངས། །

   ངས་དགྲ་འདུལ་ལན་པོ་ཡོང་བར་ཤོག །

   སོ་ནམ་གཞུང་ཞིང་ཡོད་པར་ཤོག །

   ལྷ་ཆོས་མགོ་མ་ཚུགས་པར་ཤོག །

   མི་ཆོས་རྩ་བ་ཚུགས་པར་ཤོག །

   དྲོད་མ་ཡལ་དགྲ་ཤ་ཟ་བར་ཤོག །

   གཡང་མ་ཉམས་རང་ནོམ་འཁོར་བར་ཤོག །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   ཚ་ཞང་ཐུགས་ལ་དེ་འདྲ་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1