༄༅།།གྲོང་ཁྱེར་དུ་དར་ཁྱབ་ཆེ་བའི་བོད་ཀྱི་སྐོར་བྲོ།

འཇིགས་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-22


གནའ་མིའི་བོད་ཀྱི་ཁ་དཔེ་ལ། མི་མགོ་རེ་ལ་གླུ་རེ། རུ་སྡེ་རེ་ལ་གར་རེ་ཞེས་པ་ལྟར། བོད་འབྲེལ་ས་ཁུལ་དུ་གནའ་ནས་རྒན་དར་གཞོན་གསུམ་གྱིས་ངག་ནས་གླུ་གྱེར་བ་དང་། ཞབས་ཀྱིས་གར་འཁྲབ་པ་དགའ་བའི་སྲོལ་ཡོད་པ་སྨྲོས་མི་དགོས་པ་ཞིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གླུ་དང་གར་གྱི་རྣམ་གྲངས་ཀྱང་ཧ་ཅང་མང་པོ་གསར་བསྐྲུན་བྱས་འདུག །སྐོར་བྲོ་ནི་མི་དམངས་ཀྱི་དགའ་བསུ་ཆེས་ཐོབ་པའི་བྲོ་རིགས་གཅིག་ཡིན། དམངས་ཁྲོད་དུའང་མི་མང་ལྷན་དུ་འདུས་ས་རུ། ཕན་ཚུན་ལག་རྡང་དཔུང་ཐུག་གིས། སེམས་ཁམས་སྤྲོ་སྐྱིད་ཀྱིས་དབང་བསྒྱུར་ཏེ། སྐྱིད་པའི་སྐོར་བྲོ་སྣ་ཚོགས་འཁྲབ་ཅེས་སྐོར་བྲོའི་རྣམ་པ་བརྗོད་བཞིན་ཡོད། དེ་བས་སྐོར་བྲོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། གནའ་ནས་ད་བར་བོད་འབྲེལ་ས་ཁུལ་དུ་ཁྱབ་པའི་བོད་མི་དམངས་ཀྱི་འཚོ་བ་དང་རོལ་རྩེད། དེ་མིན་སྒྱུ་རྩལ་གྱི་རིག་གནས་དང་ཁ་བྲལ་ཐབས་མེད་པ་ཞིག་དང་ཆེས་དགའ་བསུ་ཐོབ་པའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཡིན་པ་སྨྲོས་མི་དགོས་པ་རེད།

སྐོར་བྲོ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་

ཆ་གལ་ཆེན་ཞིག་ཡིན།

སྤྱིར་ཞབས་བྲོ་ནི་བྲོའི་གར་སྟབས་བག་ཕེབས་ལ་རོལ་དབྱངས་ཀྱི་རམ་འདེགས་བྱེད་པའི་འགྱུར་ཁུགས་མྱུར་ཞིང་། སྐབས་འགར་མཆོང་ལྡིང་བྱེད་པ་གཙོར་བཟུང་ནས་སྟངས་སྟབས་མངོན་པའི་གར་གྱི་རིགས་ཤིག་སྟེ། བོད་ཀྱི་སྐོར་བྲོ་ནི་བོད་གདོད་མའི་སྐབས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་གསར་བྱུང་གིི་རོལ་རྩེད་དང་གླུ་གར་གྱི་རིག་གནས་གཅིག་ཡིན། ད་ལྟའང་བོད་འབྲེལ་ས་ཁུལ་སོ་སོ་ནས་རྒྱུན་འཛིན་དང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། ས་གནས་སོ་སོར་རང་གི་ཁྱད་ཆོས་ཡོད་པའི་གར་གྱི་སྟངས་སྟབས་དང་གླུ་དབྱངས་ཀྱི་འགྱུར་ཁུག་ལྡན།

སྐོར་བྲོ་ནི་མི་རྣམས་ཀྱི་རང་གི་སྤྲོ་བ་དང་རེ་མོས། ཡང་ན་དུས་སྟོན་གྱི་མཛད་སྒོ། ལུས་པོ་སྦྱང་བརྡར་གང་དེའི་མཁོ་གལ་སྒྲུབ། ལུང་པ་རེ་ལ་ཆུ་རེ། ཡུལ་སྡེ་རེ་ལ་དཔེ་རེ་ཟེར་བའི་དཔེ་ལྟར། མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོའི་གོམས་སྲོལ་དང་ཁྱད་ཆོས་བརྗོད་བྱ་བྱས་ནས། རྗོད་བྱེད་ཚིག་དང་དབྱངས་རྟ་འོས་འཚམས་ཤིག་ལ་སྦྱོར་ཏེ་རང་རང་སོ་སོའི་ས་གནས་ཀྱི་ཁྱད་ཆོས་དང་དམངས་སྲོལ་རིག་གནས་དང་མཐུན་པའི་སྐོར་བྲོ་རེ་དར་ཡོད། སྐོར་བྲོའི་འགྲོས་ཚད་མགྱོགས་དལ་གཉིས་དང་། འགུལ་སྟངས་ཆེ་འབྲིང་ཆུང་སོགས་རེས་མོས་སུ་རྒན་དར་གཞོན་གསུམ་ཚང་མ་ལ་རང་འཚམ་གྱི་ལེ་ཚན་རེར་ཡོད།

གྲོང་ཁྱེར་སྐོར་བྲོ་ལ་རྒྱལ་ཕྱི་ནང་ནས་དགའ་

བསུ་ཆེན་པོ་ཐོབ།

གནའ་དུས་བོད་ཡུལ་ས་རྒྱ་ཆེ་ཞིང་། རི་ཆུ་སོགས་ཀྱིས་བཀག་རྒྱ་མང་བ་དང་། སྒོས་སུ་་འགྲིམ་འགྲུལ་སྟབས་མི་བདེ་བ་དང་བརྡ་འཕྲིན་ལག་རྩལ་རྗེས་ལུས་ཡིན་པས། ཁྱིམ་མཚེས་རྒྱལ་ཁབ་དང་མི་རིགས་གཞན་དག་བར་རིག་གནས་བརྗེ་རེས་ཕར་ཞོག ཐ་ན་རང་རེའི་བོད་ནང་ཁུལ་དུའང་ཕན་ཚུན་སློབ་སྦྱོང་དང་འབྲེལ་འདྲིས་དཀའ་མོ་རེད།

ལོ་ཟླའི་འཕོ་འགྱུར། དུས་རབས་གསར་པ། སྤྱི་ཚོགས་མདུན་སྐྱོད་ཀྱི་གོམ་ཁ་དང་བསྟུན་ནས། བོད་རིགས་མི་དམངས་གྲོང་ཁྱེར་ནང་དུ་ཡོང་ནས་རང་གི་ཕུགས་འདུན་འཚོལ་བ་དང་།

སློབ་སྦྱོང་བྱེད་པ། ལས་ཀ་གཉེར་བ། ཁང་པ་ཉོས་ནས་གཏན་སྡོད་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བར་གོམས་དང་གོམས་བཞིན་ཡོད། ལྷག་པར་དུ་སི་ཁྲོན་ཁྲེང་ཏུའུ་ལྟ་བུར་མཚོན་ན་ཁོང་ཚོ་ཆེས་དགའ་བསུ་ཐོབ་པའི་གྲོང་ཁྱེར་ཞིག་ཡིན་སྟེ། དེ་ནི་ཁྲེང་ཏུའུ་ཡིིི་དྲོ་ཞིང་འཇམ་པའི་གནམ་གཤིས་དང་། ཞིམ་ཟས་སྣ་འདུས་ཀྱི་བྲོ་བ། བག་ཡང་གི་འཚོ་བའི་གོམས་འགྲོས་ལ་ལོབ་པའི་རྐྱེན་ཡིན་པར་མ་ཟད། རིག་གནས་ཀྱི་ཁོ་ལག་རྒྱས་པ་དང་རིག་གནས་སྣ་མང་ལ་མཁྱེན་རྒྱ་ཡོད་པའི་བདག་རྐྱེན་ཡིན་པ་རེད།

ཁོང་ཚོ་ཁྲེང་ཏུའུ་རུ་འཚོ་བ་དང་གཏན་སྡོད་བྱས་པ་དང་དུས་མཚུངས་སུ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་གྲོང་ཁྱེར་དུ་ཁྱེར་ཡོད། སྐོར་བྲོ་ནི་དེའི་ནང་གི་དགའ་བསུ་ཆེས་ཐོབ་པའི་རིག་གནས་ཀྱི་རྣམ་པ་ཞིག་ཡིན། ད་ལྟ་ཁྲེང་ཏུའུ་ཡི་ལོ་མ་ཐང་ཆེན་དང་ཅིན་ཝའེ། དེ་མིན་ཝུའུ་ཧུའུ་སྲང་ལམ་སོགས་སུ་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཉིན་གཅིག་གི་ལས་ཀ་ཚར་རྗེས་དང་དགོང་ཟས་ཟོས་རྗེས་དེར་འདུས་ནས་སྐོར་བྲོ་འཁྲབ་བཞིན་ཡོད། རྒྱ་རིགས་དང་། སོག་པོ། དབྱིས་རིགས། ཆའང་རིགས། ཧོར་རིགས་སོགས་མི་རིགས་མང་པོ་དང་ཕྱི་རྒྱལ་པ་ཡང་སྐོར་བྲོའི་དཔུང་དུ་ཞུགས་ནས། འཆམ་མཐུན། མཛའ་བརྩེ། མཉམ་སྤྲོའི་རྣམ་པའི་སྐོར་བྲོ་ལ་རོལ་བཞིན་ཡོད། ཁྲེང་ཏུའུ་ལོ་མ་ཐང་ཆེན་གྱི་སྤྲོ་སྐྱིད་ཞབས་བྲོ་གླིང་སྐོར་བྲོ་མཐུན་ཚོགས་ཀྱི་འགན་འཁུར་པ་རྡོ་རྗེས་བཤད་རྒྱུར། སྐོར་བྲོ་གར་སྟབས་ལ་ནི་དལ་མྱུར་མགྱོགས་གསུམ་གྱི་ཁྱད་ཆོས་ལྡན་པ་དང་རྒན་གཞོན་དར་གསུམ་གྱི་རང་ལ་གང་འཚམ་རེར་འཁྲབ་ཆོག་པས་མི་རིགས་སོ་སོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། ཁོང་ཚོ་བོད་ཀྱི་སྐོར་བྲོ་ལ་དགའ་ཞེན་ཆེ་བར་མ་ཟད། བོད་གོས་ལ་ཡང་ཧ་ཅང་དགའ་བ་རེད། རང་ལ་མཚོན་ནའང་བོད་གོས་གྱོན་ནས་སྐོར་བྲོ་འཁྲབ་ན་དེ་བས་སྐོར་བྲོ་རིག་གནས་རོལ་མྱོང་བྱེད་ཐུབ་པ་སྣང་།

སྐོར་བྲོའི་རིག་གནས་གནའ་ནས་ད་ལྟའི་བར་འཛིན་སྐྱོང་སྤེལ་གསུམ་བྱས་མཐར། ཡུལ་ལུང་གི་གོམས་འདྲིས་དང་དུས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྐོར་བྲོ་སྣ་ཚོགས་འབྱུང་དང་བྱུང་བཞིན་ཡོད། ད་ལྟ་བརྡ་བཕྲིན་ཇེ་མྱུར་དང་འགྲིམ་འགྲུལ་ཇེ་བདེར་སོང་བས། བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་ཕན་ཚུན་འབྲེལ་འདྲེས་དང་མཉམ་འདྲེས་བྱེད་བཞིན་པའི་སྒང་སྐོར་བྲོའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། ཁྲེང་ཏུའུ་དང་ཧྲང་ཧེ། པེ་ཅིན། དེ་མིན་ཨ་རིའི་ཉིའུ་ཡུའེ་སོགས་སུའང་སྐོར་བྲོ་དར་དང་དར་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1