མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་ས་རྒོད་སློག་ནས་ཞིང་སར་བསྒྱུར།

གསར་འགོད་པ། བཀྲ་ཤིས་ལྷ་མོ། དུས་ལྡན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-01


ཞིང་ས་རྒྱ་བསྐྱེད་ནས་ཞིང་ལས་ཐོན་ལས་སྤུས་ལེགས་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད། སྤྱི་ཟླ་3པའི་ཚེས་28ཉིན། མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་2024ལོར་ས་རྒོད་གསར་སློག་མཛད་སྒོ་ཁ་མདོ་གྲོང་སྡེའི་བེད་ཡུལ་སྡེ་པའི་ཆུ་དཀར་ཚལ་དུ་སྤེལ།

ཉེ་ཆར་ཐེ་བོ་གྲོང་རྡལ་གྱིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་སྡེར་བསྐྱོད་དེ་ས་རྒོད་ཀྱི་གནས་ཚུལ་ཐོ་འགོད་བྱས། ས་རྒོད་སློག་པའི་འཆར་གཞི་ལེགས་པོ་བཀོད་ནས་བེད་མེད་དུ་བཞག་པའི་ས་ཞིང་ལ་གསོན་ཤུགས་བསྩལ། ས་རྒོད་སློག་པའི་ཡུལ་དངོས་སུ་སྡེ་མི་རྣམས་ཀྱིས་ལས་བགོས་ལྟར་ས་བོན་བཏབ་པ་དང་འཕྲུལ་ཆས་ཀྱིས་རྨོ་འདེབས་བྱེད་པ། ས་ཞིང་ཁོད་སྙོམས་པ་སོགས་ཀྱི་ལས་ལ་བྲེལ་བའི་རྣམ་པ་ལེགས་པོ་མངོན། ས་རྒོད་སློག་ནས་དཔྱིད་ཟླ་འགོ་མར་རེ་བའི་ཞིང་སར་བསྒྱུར།

ཐེ་བོ་གྲོང་རྡལ་ཁ་མདོ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཚེ་དབང་རིག་འཛིན་གྱིས་ང་ཚོའི་ས་ཞིང་འདི་ལོ་མང་པོར་ས་རྒོད་དུ་ལུས། ན་ནིང་རྒྱལ་ཁབ་ཀྱིས་ས་རྒོད་སློག་ནས་ཞིང་སར་བསྒྱུར་བའི་རྣམ་གྲངས་ཀྱི་མ་དངུལ་འབྱོར་རྗེས། མུའུ་རེར་སྒོར་600གསབ་སྤྲོད་བྱས། ན་ནིང་ས་རྒོད་མུའུ་26སློག་ནས་པད་ཁའི་མེ་ཏོག་བཏབ་པར་ཐོན་འབོར་ལེགས་པོ་འདུག །སྣུམ་རྒྱ་མ་500ཐོན་པར་ཁྱིམ་ཚང་རེར་རྒྱ་མ་20ཡས་མས་བགོ་ཐུབ་པས་མང་ཚོགས་ཀྱིས་ཁེ་ཕན་རག་ཐུབ། བྲུག་འགོག་གནོད་སེལ་བྱ་ཆེད་ད་ལོ་ང་ཚོར་ཆུ་རགས་བསྐྲུན་པས་ཀུན་གྱིས་གདེང་འཇོག་ལེགས་པོ་བྱས་ཞེས་བཤད། 

ཐེ་བོ་གྲོང་རྡལ་ཆེད་དྲག་པུའུ་ཡི་པུའུ་ཀྲང་འམ་གྲོང་རྡལ་འགོ་འཛིན་གཞོན་པ་གཉན་ཡག་ཚེ་རིང་གིས་ཐེ་བོ་གྲོང་རྡལ་གྱིས་2023ལོ་ནས་བཟུང་བེད་མེད་ས་རྒོད་བཅོས་སྒྲིག་འཛུགས་སྐྲུན་རྣམ་གྲངས་ལག་ལེན་དུ་བསྟར། རང་རེའི་གྲོང་རྡལ་གྱི་གྲོང་སྡེ་གསུམ་དང་འབྲེལ་བ་ཡོད། ཁྱོན་མ་དངུལ་སྒོར་ཁྲི་4.2བཏང་ནས་ས་རྒོད་མུའུ་70གསར་དུ་སློག །2024ལོར་རང་རེའི་གྲོང་རྡལ་གྱིས་རྨོ་ཞིང་སྲུང་སྐྱོང་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབས་ནས་མ་དངུལ་སྒོར་ཁྲི་1825བཏང་སྟེ་ཚད་གཞི་མཐོ་བའི་ཞིང་ས་མུའུ་5000བསྐྲུན་རྩིས་ཡོད་ཅེས་བཤད། 

ལོ་གཅིག་གི་རིང་ལ་ཐེ་བོ་གྲོང་རྡལ་གྱིས་རྨོ་ཞིང་སྲུང་སྐྱོང་བྱས་ཏེ་ཞིང་ལས་ཐོན་ལས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་དམིགས་ཚད་ལྟར།  རྨོ་ཞིང་གི་སྤྱོད་སྒོར་དོ་དམ་ཚོད་འཛིན་བྱས་ཏེ། ས་རྒོད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་གི་མཐའ་ཚད་བརྟན་པོར་བསྲུངས།  རྒྱལ་ཁབ་ས་ཞིང་ཐོན་ཁུངས་སྙོམས་སྒྲིག་གསུམ་གྱི་གྲངས་གཞིའི་བསྡོམས་རྩིས་ལྟར་ན། 2024ལོར་ཐེ་བོ་གྲོང་རྡལ་ལ་ཁྱོན་རྨོ་ཞིང་མུའུ་11093.24ཡོད་པ་དང་། གཞི་རྩའི་ཞིང་ས་མུའུ་9764.15ཟིན། 2023ལོ་དང་བསྡུར་ན་རྨོ་ཞིང་མུའུ་70ཇེ་མང་དུ་སོང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1