ཀུའེ་ཀྲོའུ་གསོ་རིག་སློབ་ཆེན་དང་སི་ཁྲོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་མཛོད་དགེ་རྫོང་དུ་ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་ནད་ལ་ལྟ་བཤེར་བྱས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། དུས་ལྡན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-01


ཧྥུལ་དུག་ཕོག་ནད་ནི་དུས་ཡུན་རིང་པོར་ཧྥུལ་བསྡུ་ལེན་མང་དྲགས་པའི་དབང་གིས་སོ་དང་རུས་པར་གནོད་འཚེ་ཐེབས་པའི་གཅོང་ནད་ཞིག་སྟེ། ཧྥུལ་སོ་ཁྲ་དང་ཧྥུལ་རུས་ནད་ཟེར་བ་དེ་ཡིན། སྤྱི་ཟླ་3པའི་ཚེས་27ཉིན་ནས་བཟུང་། ཀུའེ་ཀྲོའུ་གསོ་རིག་སློབ་ཆེན་དང་སི་ཁྲོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཆེད་མཁས་པས་མཛོད་དགེ་རྫོང་དུ་དུས་ཡུན་ཉིན་12ཀྱི་རིང་ལ་ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་ནད་ལྟ་བཤེར་ལས་དོན་སྤེལ་རྒྱུ་རེད།

བྱེད་སྒོ་སྤེལ་ཡུལ་དུ་སྨན་བཅོས་ཆེད་མཁས་པས་ནད་གཞི་དང་ཁྲག །གློ་བའི་ནུས་པ། མིའི་ལུས་ཁམས་ཀྱི་གྲུབ་ཆ། རུས་པའི་ཚགས་དམ་ཚད། རུས་པའི་བརྙན་རིས(Xཐིག་དང་CT ཉིང་གློག་རྡུལ)སོགས་ཀྱི་བརྟག་དཔྱད་རྣམ་གྲངས་12བཀོད་སྒྲིག་བྱས་ཏེ། ངང་རྒྱུད་རིང་པོས་མང་ཚོགས་ལ་བརྟག་དཔྱད་བྱས་ཏེ་འགྲེལ་ལན་བརྒྱབ། 

ཀུའེ་ཀྲོའུ་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝུའེ་ཧྲའོ་ཕུང་གིས་ང་ཚོ་ཀུའེ་ཀྲོའུ་གསོ་རིག་སློབ་ཆེན་གྱི་ཆེད་མཁས་ཚོགས་པའི་མི་14མཛོད་དགེ་རྫོང་དུ་ཡོང་སྟེ། ཧྥུལ་དུག་ཕོག་པའི་ནད་པར་གནད་སྨིན་བརྟག་དཔྱད་དང་སྨན་བཅོས་རྣམས་གྲངས་སྤེལ། ཐེངས་འདིའི་རྣམ་གྲངས་རྒྱལ་ཁབ་ཚན་རྩལ་པུའུ་ཡི་གཙོ་གནད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ལ་གཞིགས་ནས་ཟླ་བ་གསུམ་གྱི་རིང་ལ་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་ཡིན། ཟླ་བ་གསུམ་འགོར་རྗེས་ང་ཚོ་ཡང་བསྐྱར་མཛོད་དགེ་རྫོང་དུ་ཡོང་སྟེ་སྨན་བཅོས་ཕན་འབྲས་ལ་དཔྱད་དཔོག་བྱ་རྒྱུ་ཡིན།  ཐེངས་འདིའི་བྱེད་སྒོ་བརྒྱུད་ས་གནས་ཀྱི་ཧྥུལ་དུག་ཕོག་ནད་ཇེ་ཉུང་དུ་འགྲོ་བའི་རེ་བ་ཡོད་ཅེས་བཤད།

རྣམ་གྲངས་འདི་ནི་དེ་སྔའི་ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་ནད་འགོག་བཅོས་ཀྱི་རྨང་གཞིའི་ཐོག་ད་ཡོད་གནས་ཚུལ་དང་ཟུང་འབྲེལ་སྒོས། སྤྱི་པའི་འཕྲོད་བསྟེན་དང་དངོས་བཅོས་གསོ་རིག་རིག་ཚན་མཉམ་འདྲེས་བྱས་པ་བརྒྱུད།  ཚད་མི་འདྲ་བའི་ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་པའི་མི་ཚོགས་ལ་དམིགས་ཏེ། ཧྥུལ་མངོན་ཉེན་ཁ་དང་ཐོག་མའི་ནད་རྟགས་དབྱེ་ཞིབ། ཚན་རིག་དང་མཐུན་པའི་གདེང་འཇོག་ལས་དོན་སྤེལ་ནས་ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་པའི་རིམ་གསུམ་སྔོན་འགོག་མངོན་འགྱུར་བྱུང་།  ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་པའི་སྨན་རྫས་སྨན་བཅོས་ཚད་ལྡན་ཅན་དང་གནད་སྨིན་ཅན་དུ་གཏོང་ཆེད་གཞི་འཛིན་ས་མཁོ་འདོན་བྱས་ཏེ། མཐར་ས་གནས་རང་བཞིན་གྱི་ཧྥུལ་དུག་ཕོག་ནད་ཀྱི་གནོད་འཚེ་སེལ་བའི་ཐུན་མོང་གི་དམིགས་ཚད་མངོན་འགྱུར་ལ་འབད་པ་བྱས། 

རྐྱང་ཚ་ཡུལ་ཚོའི་རྐེད་རྒྱུད་སྡེ་བའི་སྡེ་མི་སྐལ་བཟང་དོན་འགྲུབ་ཀྱིས་མཛོད་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་འོག །ཀུའེ་ཀྲོའུ་གསོ་རིག་སློབ་ཆེན་གྱི་ཆེད་མཁས་པ་དང་བཅས་པས་ས་གནས་མང་ཚོགས་ལ་ཁྱོན་ཡོངས་ནས་བརྟག་དཔྱད་དང་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ་མ་ཟད། ད་དུང་སྐྱེལ་བསུ་དང་བཟའ་བཏུང་མཁོ་འདོན་བྱས།  དེ་ནི་དགེ་མཚན་ལྡན་པའི་བྱེད་སྒོ་ཞིག །ས་གནས་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་ལེགས་འདོན་གྱིས་བདེ་ཐང་ལ་འགན་སྲུང་བྱེད་ཐུབ་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1