༄༅། །བོད་པའི་བུ་མོ་ནར་སོན་ཚུལ།

རྐ་ཕུག་བསོད་རྡོ རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོ་དྲ་བ་ལས་དྲངས། སྤེལ་དུས། 04-08


    མདོ་སྨད་ཁྲི་ཀ་རྫོང་དཀར་བརྗིད་ཡུལ་ཚོ་སྐེ་གཞུང་ཚོ་བཞིའི་བུ་མོར་སྐྲ་ཕབ་པའི་སྲོལ་རགས་བཀོད།  མི་དར་མར་གྱུར་བའི་རྟགས་མཚན་ནམ་ལུགས་སྲོལ་གོ་རིམ་ནི་འཛམ་གླིང་སྟེང་གི་མི་རིགས་མང་ཆེ་བའི་ལོ་རྒྱུས་སྟེང་གནས་ཡོད་པ་ཞིག་ཡིན་ཞིང༌། དེང་སྐབས་མི་རིགས་ལ་ལའི་ནང་དུ་ལུགས་སྲོལ་འདི་སྔར་བཞིན་མི་ཚེའི་བཞུད་ལམ་ཁྲོད་གལ་འགངས་ཆེ་བའི་དམངས་སྲོལ་ཞིག་ཏུ་གྱུར་ཡོད། དར་མའི་གུས་ལུགས་མཛད་སྒོ་ནི་ལོ་ན་གཞོན་པའི་མི་དེ་སྤྱི་ཚོགས་སུ་གོམ་ཁ་ཕྱོགས་པའི་ནུས་པ་དང་ཐོབ་ཐང་ཡོད་པར་ཁས་ལེན་ཆེད་འགྲོ་ལུགས་སྒྲུབ་པའི་གུས་སྲོལ་ཆོ་ག་ཞིག་ཡིན། མཚོ་སྔོན་རོང་ཕྱོགས་ཀྱི་ཞིང་ལས་ས་ཁུལ་ལ་ལའི་བོད་པའི་བུ་མོ་ལོ་བཅུ་གསུམ་དང༌། བཅོ་ལྔ། བཅུ་བདུན་སྟེང་དུ་དར་མའི་གུས་ལུགས་མཛད་སྒོ་སྤེལ་བཞིན་ཡོད་ལ། འདི་ལ་སྐྲ་ཕབ་པའམ་ཡང་ན་སྐྲ་སྟོན་ཆོ་གའང་ཟེར། སྐྲ་ཕབ་པའི་ཆོ་ག་ནི་བུ་མོ་དར་མར་གྱུར་བའི་མཚོན་རྟགས་ཤིག་ཡིན་ལ།གནས་ལ་བྱིན་ཆོག་པར་བརྗོད་པ་ཞིག་ཡིན་ཞིང༌། འདི་ནི་ཟླ་བོ་མེད་པའི་ཁེར་རྐྱང་གི་བག་མ་བསུ་བའི་ཆོ་ག་ཞིག་ཡིན། འདི་ལ་སྐྲ་ཕབ་ཆོ་ག་ཟེར་ཞིང༌། ཆོ་ག་འདི་ནི་བུ་མོ་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ། ཁོ་མོའི་མི་ཚེ་ཡི་དཀྱོག་མཚམས་ཤིག་གི་མཚོན་རྟགས་ཀྱང་ཡིན་པས། ཆོ་ག་འདིར་ཞིབ་འཇུག་གི་རིན་ཐང་ཆེས་ཆེར་ལྡན།

སྐེ་གཞུང་ཚོ་བཞི་དང་སྐྲ་སྟོན་ཆོ་གའི་སྟ་གོན་སྐོར། ལོ་ཟླ་ཡར་ལ་བརྩིས་ན་ཧ་ལམ་ལོ་ངོ་བཅུའི་སྔ་རོལ་ཞིག་ལ། ང་རང་གི་ལས་རིགས་ཀྱི་དབང་གིས་སམ་ཡང་ན་རང་ཉིད་གློག་བརྙན་འཕྲིན་གྱི་ལས་འདིར་དུངས་ཤིང་བཀུར་འདོད་ཆེ་བའི་སྟབས་ཀྱིས། ཡུལ་དང་དུས་ཀྱི་རྐྱེན་ནམ་ལས་དང་ཚེགས་ཀྱི་སྡུག་སོགས་འཛེམ་བྱ་རུ་མ་བཟུང་བར། རང་གི་ཡུལ་གྲོགས་སམ་ལས་གྲོགས་ཀྱི་རེ་དོན་ལྟར་ཁོ་བོའི་བུ་མོར་སྐྲ་ཕབ་ཆོ་གའི་སྐོར་ནས་དངོས་བྲིས་གློག་བརྙན་ཞིག་ཕབ་དགོས་པའི་དགོངས་འཆར་ཇི་བཞིན་ང་རང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཡུལ་ཚོ་སྐེ་གཞུང་ཚོ་བཞིའི་ནང་གསེས་གཡེམ་སྡེ་བར་བསྐྱོད་དགོས་བྱུང་། གནས་དེར་སོང་སྟེ་ཡུལ་འདིའི་བུ་མོར་ཐུན་མིན་སྐྲ་ཕབ་སྲོལ་སྐོར་ནས་བཅར་འདྲི་བྱེད་དུས། ཚོ་སྡེ་དེའི་སྲིད་པ་རྒད་པོའི་རྗེས་སུ་འཇུག་པའི་སྤྱོད་གྲགས་གཉིས་ལྡན་པ་དག་གི་གསུང་སྒྲོས་ཡོད་ཚད་ཟིན་བྲིས་སུ་བཀོད་དེ་ཁྲི་ཀའི་དཀར་བརྗིད་ཡུལ་གྱི་བུ་མོར་སྐྲ་ཕབ་སྲོལ་སྐོར་ལ་འདི་ལྟར་རྒྱུས་ལོན་ཞིབ་ཕྲ་ཞིག་བྱེད་ཐུབ་པ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1