༄༅། །གནའ་མིའི་ཁ་དཔེའི་ནང་གི་ཕོ་རབ་འབྲིང་ཐ་གསུམ་གྱི་བཤད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 04-18


སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །

ཕོ་རབས་ལ་ཁའི་དགྲ་ལ་ཚད། །

འཁོར་གསུམ་སྐོར་རྒྱུ་རྒྱུན་མི་ཆད། །

ཕོ་འབྲིང་ལ་སྐེད་སྟག་ལ་ཚད། །

སྟག་ཤ་སྟག་པགས་རྒྱུན་མི་ཆད། །

ཕོ་ཐ་གོ་ཁའི་མ་ལ་ཚད། །

འཐབ་རྒྱུ་རྩོད་རྒྱུ་རྒྱུན་མི་ཆད། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །

ཕོ་རབ་གཅིག་གི་བསྡད་ཤུལ་རུ། །

ཤོག་རོ་སྨྱུག་རོ་ཐུལ་ལེ་ཡོད། །

ཕོ་འབྲིང་གཅིག་གི་བསྡད་ཤུལ་རུ། །

གོས་རོ་ལྷན་རོ་ཐུལ་ལེ་ཡོད། །

ཕོ་ཐ་མ་གཅིག་གི་བསྡད་ཤུལ་རུ། །

སྐྱག་རོ་རྨྱང་རོ་ཐུལ་ལེ་ཡོད། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །

ཕོ་རབ་འདྲ་གཉིས་ཐུག་པའི་དུས། །

གཏམ་དང་འདུན་མའི་གྲོས་འགོ་བཙུགས། །

སྡེ་ཚོ་ཆེན་གཉིས་ལ་འདུག་བདེ་ཐོན། །

ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། །

རང་གཞན་གཉིས་ཀྱི་དོན་དེ་འགྲུབ། །

མི་གཉིས་འགྲོ་བདེ་ཡོང་རབས་ཡོད། །

ཆུ་གཉིས་འབབ་བདེ་ཡོང་རབས་ཡོད། །

ཕོ་ཐ་མ་འདྲ་གཉིས་ཐུག་པའི་དུས། །

གཏམ་ཚིག་གསུམ་གོང་ནས་རྫུན་མགོ་བསྐོར། །

ཕོ་གཡོ་ཆེན་ཁོག་པ་རྫུན་གྱིས་གང་། །

རི་ཆེན་ཁོག་པ་ཆུ་ཡིས་གང་། །

སྡེ་གཉིས་ཐོད་པ་གཏུག་རབས་ཡོད། །

སྡེ་གསུམ་ཀླད་ཞོ་འདྲེས་རབས་ཡོད། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་མཐའ་གསུམ། །

ཕོ་རབ་གཅིག་གི་བསམ་པ་ལ། །

ཕུ་རུ་རུ་བ་བཙུགས་ན་བསམ། །

མདའ་ལ་ཕ་གཞིས་བཟུང་ན་བསམ། །

ཕོ་འབྲིང་གཅིག་གི་བསམ་པ་ལ། །

ལྷོ་ཚོང་བྱང་ལ་བསྐྱལ་ན་བསམ། །

བྱང་ཚོང་ལྷོ་ལ་བསྐྱལ་ན་བསམ། །

ཕོ་ཐ་མ་དེ་ཡི་བསམ་པ་ལ། །

བུ་ལོན་ཁལ་གཅིག་གཡར་ན་བསམ། །

བྲེ་བཅུའི་ཆང་ཞིག་བཙོས་ན་བསམ། །

སྲང་ལམ་སྐྱུག་པས་བརྒྱང་ན་བསམ། །

ནང་མིར་སྐྱུར་འགོང་བཤད་ན་བསམ། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་མཐའ་གསུམ། །

ཕོ་རབས་ཆོས་རའི་ནང་ལ་ཤི། །

མ་མཁའ་འགྲོས་འཇའ་གུར་ལམ་སྣེ་འདྲེན། །

དེ་ཤི་ལེ་མ་རེད་གྲུབ་ལེ་རེད། །

གྲུབ་ནས་སངས་རྒྱས་གོ་འཕང་ཐོབ། །

ཕོ་འབྲིང་གཡུལ་སའི་ལ་རྩེར་ཤི །

མདའ་རྒོད་སྒྲོ་ཅན་གྱིས་འཕོ་འདེབས་བྱེད། །

བྱ་རྒྱལ་རྒོད་པོས་ལམ་སྣེ་འདྲེན། །

སྔས་འགོར་དམག་དཔོན་བྱིན་ཅན་འཁོར། །

གྲོགས་པོ་མང་པོས་མཐའ་ནས་སྐོར། །

དེ་ཤི་ལེ་མ་རེད་བསྐོས་ལེ་རེད། །

བསྐོས་པ་ཆོས་རྒྱལ་བཀའ་ཐམ་རེད། །

ཕོ་ཐ་མ་ཤི་ས་རྒྱ་གྲོང་ཟུར། །

མགོ་ཐལ་རྡུལ་འཚུབ་སེ་ཤི་རབས་ཡོད། །

འཕོ་བ་བྱ་ནག་ཁྭ་ཏས་འདེབས། །

ལམ་སྣེ་ཞེའུ་ཁྱི་ཡིས་འདྲེན། །

འདི་ཕྱི་གཉིས་ཀ་དོན་མེད་སྟོང་། །

དེ་ཤི་བ་མ་རེད་བོར་བ་རེད། །

བོར་ནས་ར་མདའ་རྗེས་མེད་རེད། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །

སྐྱེས་ཕོ་རབ་ཆང་ཞིག་འཐུང་ཟེར་ན། །

སྐུ་ཟིལ་པ་ཁྲུམ་མེར་གཉིད་དུ་ཡུར། །

སྐྱེས་ཕོ་འབྲིང་ཆང་ཞིག་འཐུང་བའི་དུས། །

ཆང་ཁ་ཡིས་མི་འཐུང་གློ་ཡིས་འཐུང་། །

གླུ་གར་སེམས་སྐོར་གཏོང་ནས་སྡོད། །

ཕོ་ཐ་མས་ཆང་ཞིག་འཐུང་བའི་དུས། །

ཆང་ཁ་ཡི་མི་འཐུང་སྙིང་གིས་འཐུང་། །

སྙིང་ནག་རྩ་ནག་རྒྱས་ནས་སྡོད། །

གྲི་ནག་མདུང་ནག་འཇུས་ནས་སྡོད། །

ཙིར་རེ་འུར་རེར་འཁོན་ནས་སྡོད། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །

ཕོ་རབ་འཁྱོག་ན་སྦ་འཁྱོག་ཡིན། །

སྦ་ཉི་མས་འཁྱོག་ན་ཇེ་དྲང་ཡིན། །

ཕོ་འབྲིང་འཁྱོག་ན་རྭ་འཁྱོག་ཡིན། །

རྭ་ཚ་གྲང་འཛོམས་ན་ཇེ་དྲང་ཡིན། །

ཕོ་ཐ་འཁྱོག་ན་རྡོ་འཁྱོག་ཡིན། །

རྡོ་གོར་མོ་འཁྱོག་ན་བཅོས་ཐབས་མེད། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །

ཕོ་རབ་གཅིག་གི་ཁོག་པ་ལ། །

བྱ་ཐང་དཀར་ལྡིང་བསྐོར་རྒྱག་ས་ཡོད། །

ཕོ་འབྲིང་གཅིག་གི་ཁོག་པ་ལ། །

རྟ་ཕོ་ཉིན་བསྐོར་རྒྱག་ས་ཡོད། །

ཕོ་ཐ་མ་གཅིག་གི་ཁོག་པ་ལ། །

ཤིག་སྲོ་མ་ཨ་ལོག་རྒྱག་ས་མེད། །

སྐྱེས་ཕོ་རབ་ཚོགས་ཚོགས་གཏམ་ལ་ཚོགས། །

གཏམ་དོན་སྙིང་མེད་ན་ཚོགས་དོན་མེད། །

བྱ་རྒོད་པོ་ཚོགས་ཚོགས་ཤ་ལ་ཚོགས། །

ཤ་མེད་ན་རུས་ལ་ཚོགས་དོན་མེད། །

བྱ་ངང་པ་ཚོགས་ཚོགས་མཚོ་ལ་ཚོགས། །

མཚོ་མེད་ན་ངང་པ་ཚོགས་དོན་མེད། །

སྐྱེས་ཕོ་རབ་སྡེ་ཡི་མཐའ་ནས་གྲགས། །

འབྲུག་གཡུ་འབྲུག་གནམ་གྱི་མཐའ་ནས་གྲགས། །

སྐྱེས་ཕོ་རབ་གཏམ་དེ་སྙན་པོ་རེད། །

ད་དུང་སྙན་དུ་ཅི་འགྲོ་རེད། །

གཙོད་ཨ་ལུའི་ཤ་དེ་ཞིམ་པོ་མ། །

ད་དུང་ཞིམ་དུ་ཅི་འགྲོ་རེད། །

ཕོ་རབ་གཏམ་རྩོད་བྱེད་ས་ལ། །

ཁ་གྱོང་མེད་ལེ་ཁས་ལེན་མེད། །

དཀར་ཆུང་ལུ་གུ་ཚ་རུ་ལ། །

ནག་ཐིག་མེད་ལེ་ཁས་ལེན་མེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1